དབྱང་ཧྥུན་ཁྲོང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ལས་འགྲེམ་སྟོན་ཚོགས་འདུ་དང་བོད་ལུགས་ས་གདན་འགྲེམ་སྟོན་བྱ་བར་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིས་སྟོང་ཉི་ཤུ་ལོའི་མཚོ་སྔོན་སྐྱེ་ཁམས་ཐོན་ལས་འགྲེམ་སྟོན་ཚོགས་འདུ་དང་བོད་ལུགས་ས་གདན་འགྲེམ་སྟོན་བྱ་འགུལ་ཟླ་དགུ་བའི་ཚེས་དྲུག་ཉིན་ནས་ཚེས་བཅུ་ཉིན་བར་སྤེལ་རྒྱུ་རེད། ཟླ་དགུ་བའི་ཚེས་བཞི་ཉིན། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲོང་མཚོ་སྔོན་རྒྱལ་སྤྱིའི་གྲོས་ཚོགས་འགྲེམ་སྟོན་ལྟེ་གནས་སུ་སོང་ནས། ཡུལ་དངོས་ནས་འགྲེམ་སྟོན་གྲ་སྒྲིག་གི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། གཙོ་འཛིན་བྱས་ཏེ་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ནས། གྲ་སྒྲིག་བྱ་བ་སྣ་ཚོགས་ཀྱི་གནས་ཚུལ་སྙན་ཞུ་བྱས་པར་ཉན་པ་དང་རྗེས་ཀྱི་བྱ་བར་རེ་བ་བཏོན། 

དབྱང་ཧྥུན་ཁྲོང་གིས་བསྟན་དོན། ཐེངས་འདིའི་སྐྱེ་ཁམས་ཐོན་ལས་འགྲེམ་སྟོན་ཚོགས་འདུ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་པ་བརྗོད་སྙིང་དུ་བྱས་ཡོད་ཅིང་། རང་ཞིང་གི་སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་འཛུགས་པའི་འཐབ་ཇུས་ལག་བསྟར་དང་། རྒྱུན་རྣམ་ཅན་གྱི་རིམས་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གཅིག་གྱུར་བཀོད་འདོམ་དང་སྐུལ་འདེད་གཏོང་བའི་འགྲེམ་སྟོན་ཞིག་ཡིན་ལ། མཛེས་པའི་མཚོ་སྔོན་གྱི་སྣང་བརྙན་མངོན་པ་དང་ལྷད་མེད་སྐྱེ་ཁམས་ཚོང་རྟགས་གསར་བསྐྲུན་བྱེད་པ། ཕྱི་ཕྱོགས་སྒོ་འབྱེད་དང་བརྗེ་རེས་རྒྱ་བསྐྱེད་པ། ནང་མཁོའི་འཛད་སྤྱོད་འཁོར་སྐྱོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་འགན་ཁུར་དུ་བླངས་ཏེ། ལག་རྩལ་བཟོ་བའི་སྙིང་སྟོབས་དང་ཞིབ་ཚགས་ཀྱི་འདུ་ཤེས་བཟུང་སྟེ་གཟབ་ནན་དང་ཞིབ་མོའི་རྣམ་འགྱུར་གྱིས་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ནས། འགྲེམ་སྟོན་ཚོགས་འདུ་དེ་བདེ་འཇགས་དང་གོ་རིམ་ལྡན་པར་ལེགས་འགྲུབ་འབྱུང་བར་འགན་སྲུང་བྱེད་དགོས་ཟེར། 

དབྱང་ཧྥུན་ཁྲོང་གིས་ནན་གྱིས་བསྟན་དོན། རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་སོ་སོས་གཞོགས་འདེགས་དམ་ཟབ་ཏུ་བཏང་ནས། ནུས་མཐོའི་མཐུན་སྦྱོར་དང་ཚད་གཞི་མཐོན་པོ། སྤུས་ཚད་བཟང་བའི་སྒོ་ནས་གྲ་སྒྲིག་བྱ་བར་སྐུལ་འདེད་གཏོང་དགོས། སྣང་བརྙན་མངོན་པ་དང་འདུ་ཤེས་དྲིལ་སྒྲོག མཉམ་ལས་སྐུལ་འདེད་བཅས་ཀྱི་གནད་དོན་དམ་འཛིན་བྱས་ཏེ། རྒྱ་ཆེའི་ཚོང་མགྲོན་དག་མཚོ་སྔོན་དུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པའི་ཡིད་ཆེས་ཇེ་དྲག་ཏུ་གཏོང་དགོས། གྲོང་ཁྱེར་གྱི་ཁོར་ཡུག་བཟང་བོར་གསར་བསྐྲུན་བྱེད་པ་དང་། གྲོང་ཁྱེར་གྱི་དོ་དམ་ཤུགས་ཚད་ཇེ་ཆེར་གཏོང་བ། གྲོང་ཁྱེར་གྱི་དཔལ་ཡོན་ཚད་ཇེ་མཐོར་བཏང་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་དག་བསུ་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།