མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྔ་གཞུག་ཏུ་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་སྔ་གཞུག་ཏུ་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་བོད་ལྗོངས་བྱ་བའི་ཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་ལ། རྩ་དོན་སྟེང་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་གྱི་བཅོས་བསྒྱུར་གཙོ་བོ་འགའ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བྱ་བའི་གྲོས་གཞི་ལ་ཞིབ་འཇུག་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་ལ། ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། གཞུང་ལུགས་རང་བཞིན། མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་པ་དང་། ང་ཚོས་དུས་རབས་གསར་བའི་བོད་འབྲེལ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་ཆོད་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྲིད་ཇུས་ཀྱི་གོ་སྐབས་དང་བྱ་བ་ལག་བསྟར་བྱེད་པར་དམ་འཛིན་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་བོད་འབྲེལ་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།

ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་གྲོས་ཚོགས་དང་ཀྲུང་དབྱང་བཅོས་བསྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔལ་འབྱོར་སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་དང་། ཨན་ཧུའེ་ལ་གཟིགས་ཞིབ་བྱེད་པ། དམག་དཔུང་ཞོད་འགོག་གནོད་སྐྱོབ་ཁྲོད་ཞུགས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ། མིས་ཡུན་ཆུ་མཛོད་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པའི་ཡུལ་མི་རྣམས་ལ་བསྐུར་བའི་འཕྲིན་ལན། ཀྲུང་གོའི་མི་དམངས་ཉེན་རྟོག་དམག་དཔུང་ལ་དར་ཆ་གནང་བའི་སྐབས་སུ་གནང་བའི་བཀའ་ཚིག་གི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྨ་ཆུའི་བཞུར་རྒྱུད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བ་དང་། དཔེ་མཚོན་ལས་ཁུངས་འཛུགས་སྐྲུན་བྱེད་པའི་འགན་འཁྲི་འདུ་ཤེས་དང་ཆབ་སྲིད་ཁག་ཁུར་ཇེ་དྲག་ཏུ་གཏོང་དགོས། རྒྱལ་ནང་གི་འཁོར་རྒྱུག་ཆེན་མོ་གཙོ་གཞི་རུ་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཀྱིས་ཕན་ཚུན་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱེད་པར་དམིགས་ནས། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཆོད་སེམས་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་གཞི་བཅུ་བཞི་གཏན་འབེབས་བཟང་བོ་བྱས་ཏེ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་དགོས། འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་། གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་བྱ་བ་བཟང་བོར་བསྒྲུབ་ནས། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས། ཆེས་ཆེ་གསུམ་གྱི་སྐྱེ་ཁམས་འགན་འཁྲི་ཕྲག་ཏུ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་ཚིག་དགོངས་དོན་ཡིད་ལ་དམ་པོར་འཛིན་པ། འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱེད་དགོས་ཟེར།

ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་གི་རེ་བ་ལག་བསྟར་བྱེད་པ། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ནས། ཞོད་འགོག་དང་ལྷོད་སྡོམ་ཞབས་གསུམ་བཅོས་བསྒྱུར་གྱི་བྱ་བ་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་རྒྱུའི་རེ་བ་བཏོན།

ཚོགས་ཐོག་ནས་བསྟན་དོན། འཕྲིན་བཅར་བྱ་བ་ནི་ཏང་དང་སྲིད་གཞུང་གིས་མང་ཚོགས་ཀྱི་གྲོས་གཞི་ལ་ཉན་པའི་སྟེགས་བུ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། མང་ཚོགས་ཀྱི་གནས་ཚུལ་དང་མང་ཚོགས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ། མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། དམངས་སེམས་གཅིག་ཏུ་བསྡུ་བ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ། འགལ་རྩོད་འགོ་ཁུངས་ནས་ཐག་གཅོད་པར་ཤུགས་སྣོན་པ་དང་། འཕྲིན་བཅར་བྱ་བའི་སྤུས་ཚད་དང་ལས་ཆོད་མཐོར་འདེགས་གཏོང་དགོས་ཟེར།

ཚོགས་ཐོག་ནས། བདེ་ཐང་མཚོ་སྔོན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། གསོ་རིག་དང་སྨན་བཅོས། གསོ་རིག་སྨན་རྫས། སྨན་བཅོས་འགན་སྲུང་། སྨན་ཁང་བཅས་བཅོས་བསྒྱུར་གྱི་གོ་རིམ་ཧྲིལ་བོའི་ཁྲོད་འདྲེས་པར་བྱས་ནས། ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ཏུ་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།