མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ལུས་རྩལ་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་ལུས་རྩལ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་དམིགས་ནས་ལས་རིགས་སོ་སོའི་མཉམ་འབྲེལ་རྟོག་ཞིབ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་གྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྐོར་ཞིག་དང་ཞིང་ཆེན་ལུས་རྩལ་ཅུའི་འགན་ཁུར་བློ་མཐུན། འབྲེལ་ཡོད་ཆེད་མཁས་པས་གྲུབ་པའི་རྟོག་ཞིབ་ཚན་ཆུང་ཁྲིད་དེ། ལུས་རྩལ་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་ལུས་རྩལ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་དམིགས་ནས་ལས་རིགས་སོ་སོའི་མཉམ་འབྲེལ་རྟོག་ཞིབ་སྤེལ། རྟོག་ཞིབ་བྱེད་སྐབས། ཞིང་ཆེན་ལུས་རྩལ་ཅུའི་འབྲེལ་ཡོད་གནས་ཚུལ་ཐད་ཀྱི་ངོ་སྤྲོད་ལ་ཉན་པ་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། ས་གནས་དེའི་ལས་བྱེད་པ་དང་མང་ཚོགས་དང་བཞུགས་མོལ་བརྗེ་རེས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་ཐོན་ལས་དང་ལུས་རྩལ་འཛད་སྤྱོད་ཀྱི་ད་ལྟའི་གནས་བབ་དང་དེའི་ཐད་གནས་པའི་གནད་དོན་ལ་རྒྱུས་ལོན་གསལ་བོ་བྱས།

རྟོག་ཞིབ་ཚན་ཆུང་གིས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལུས་རྩལ་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་ལུས་རྩལ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གྲོས་གཞི་འགའ་ལག་བསྟར་ནན་མོ་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་ལག་བསྟར་ནན་མོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་སྤྱི་ཐུན་ལུས་རྩལ་སྒྲིག་ཆས་གཞིས་ཁུལ་དུ་བསྐྱོད་པ་དང་སློབ་གྲྭར་བསྐྱོད་པ། ལས་ཁུངས་སུ་བསྐྱོད་པ། ཞིང་སྡེ་རུ་བསྐྱོད་པའི་བྱ་འགུལ་ལག་བསྟར་བྱས། ལུས་རྩལ་འགྲན་ཚོགས་སྣ་ཚོགས་བསྡུས་པ་དེས། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། མི་རིགས་ཁྱད་ཆོས་ཀྱི་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་སྤེལ་ཚད་ཧ་ཅང་མང་ལ། དམངས་ཡོངས་ལུས་སྦྱོང་གི་འདུ་ཤེས་སྔར་ལས་ཇེ་མཐོར་སོང་བ་དང་། རོང་འབྲོག་དམངས་ལུས་རྩལ་བྱ་འགུལ་ཁྲོད་ཞུགས་ཚད་མངོན་གསལ་སྒོས་ཇེ་མང་དུ་སོང་ཟེར། །


རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།