ལིས་ཅེ་ཞང་གིས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་ཆི་ལེན་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་སྤེལ་བའི་གནས་ཚུལ་ལ་ལྟ་སྐུལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་འགན་ལག་བསྟར་གཏིང་ཟབ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་དགོས་ཟེར།

ལིས་ཅེ་ཞང་སྔ་གཞུག་ཏུ་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཞིན་ཀྲུང་གྲོང་རྡལ་ཧོང་ཞིན་རྡེའུ་ཟེགས་བཟོ་གྲྭ་དང་ཧྲའོ་པེ་ཞང་ཏོའི་རིན་ལུང་བའི་རྡོའུ་ཟེགས་བཟོ་གྲྭ ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཅིན་ཡོན་ཨར་འདམ་བཟོ་གྲྭ་སོགས་ལ་སོང་ནས། ཡུལ་དངོས་ནས་སྐྱེ་ཁམས་ཁོར་ཡུག་སློར་གསོ་བཅོས་སྐྱོང་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱིས་ཆི་ལེན་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་ནང་ཁུལ་གྱི་གཏེར་རྫས་ཐོན་ཁུངས་གསར་སྤེལ་རྟོག་སེལ་ཞིབ་བཤེར་དང་བཅོས་སྐྱོང་ཇུས་གཞི་གཏན་འབེབས་དང་ལག་བསྟར་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན།

ལིས་ཅེ་ཞང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་རེ་བར་རྒྱུས་ལོན་ཡང་དག་དང་ལག་བསྟར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་དམ་འཛིན་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་བ་དང་། ལོ་གསུམ་འགུལ་སྐྱོད་ཇུས་གཞི་དང་འགན་འཁྲིའི་གསལ་ཕྲ། དུས་ཚོད་དཔེ་གཞིར་བཟུང་ནས། ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་དམ་འཛིན་བྱེད་དགོས། ཟླ་གཉིས་ཀྱི་ནང་བཅོས་སྐྱོང་ལས་འགན་གྱི་བརྒྱ་ཆའི་ལྔ་བཅུ་ཡོངས་འགྲུབ་བྱེད་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། སྟོབས་ཤུགས་་གཅིག་ཏུ་བསྡུས་པ་དང་ཀུན་གྱིས་འབད་འཐབ་བྱས་ཏེ། ཚད་ལྡན་གྱི་རྒྱུགས་ལན་སྤྲོད་པར་ཁག་ཐེག་བྱེད་དགོས། གཏེར་ལས་དབང་ཆ་ཐག་གཅོད་ལ་དམ་འཛིན་བྱེད་རྒྱུ་དེ་གནད་འགག་ཏུ་བརྩི་བ་དང་། རང་ཁུལ་ཁོངས་ཀྱི་གཏེར་ལས་དབང་ཆ་བཀོད་སྒྲིག་དང་ཁེ་ལས་ཀྱི་སྔོག་འདོན་འགུལ་སྐྱོད་ལ་ཞིབ་བཤེར་གསལ་བོ་བྱེད་པ། ཁྲིམས་ལྟར་ཐོན་ཁུངས་མཉམ་བསྲེས་དང་གཏེར་ལས་དབང་ཆ་ཐག་གཅོད་བྱ་བ་སྤེལ་བ། ཁྲིམས་འགལ་གཏེར་ཁ་སྔོག་འདོན་དང་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་གནད་དོན་ལ་རྡུང་རྡེག་ནན་མོ་བྱེད་པ་དང་། གཏེར་ཁུངས་དང་ཁེ་ལས་རེ་རེས་སྲིད་ཇུས་རེ་སྤྱོད་པར་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སླར་གསོ་བཅོས་སྐྱོང་བྱེད་པ་མ་ཟད་ཡུན་ཕན་རྐྱེན་སྲོལ་བཙུགས་ཏེ། ཆི་ལེན་རི་བོའི་ཡུན་རིང་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།