ལིའུ་ཐོ་ཡིས་ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་ཁོངས་ཀྱི་སྒྲིག་གཞི་ཚོད་ལྟའི་དཔྱད་འཇོག་དང་ཞིབ་བཤེར་རྩིས་ལེན་གྲ་སྒྲིག་དང་ཆི་ལེན་རི་བོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པའི་ཚེས་གཅིག་ཉིན་ནས་ཚེས་གཉིས་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐོ་ཡིས་མཚོ་བྱང་ཁུལ་དུ་ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་ཁོངས་ཀྱི་སྒྲིག་གཞི་ཚོད་ལྟའི་དཔྱད་འཇོག་དང་ཞིབ་བཤེར་རྩིས་ལེན། ཆི་ལེན་རི་བོའི་ཁོར་ཡུག་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཆི་ལེན་རི་བོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བརྟན་བརླིང་ངང་སྤེལ་ནས། སྟོབས་ཤུགས་ཡོད་རྒུས་དཔྱད་འཇོག་དང་ཞིབ་བཤེར་རྩིས་ལེན་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ལིའུ་ཐོ་སྔ་གཞུག་ཏུ་མིན་ཡོན་རྫོང་ལང་ལིས་ཁི་ཟངས་གཏེར་དང་ཀྲུའུ་ཀུའུ་སི་སྡེ་བ། འབྲུ་གུ་དགོན་སྡེ་བ། ཡོན་ཧྲུའུ་ལུང་བའི་ཆུ་གློག་ས་ཚིགས་སོགས་ཡུལ་དངོས་ལ་སོང་ནས་གཏེར་ལས་དབང་ཆ་ཕྱིར་སྤྲོད་པ་དང་སྐྱེ་ཁམས་གནས་སྤོར་སོགས་བྱ་བ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། སོ་སོར་བཞུགས་མོལ་ཚོགས་འདུ་བསྡུས་ནས་མཚོ་བྱང་ཁུལ་དང་མིན་ཡོན་རྫོང་། ཆི་ལེན་རྫོང་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བའི་སྐོར་གྱི་སྙན་ཞུ་ལ་ཉན། ཁོས་བསྟན་དོན། ཆི་ལེན་རི་བོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱ་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆི་ལེན་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཆི་ལེན་རི་བོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་མུ་རིའི་གཏེར་ཁུལ་དང་ཆི་ལེན་རི་བོའི་ལྷོ་རྒྱུད་མཚོ་སྔོན་ཁུལ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་གཉིས་མཉམ་དུ་ལག་བསྟར་བྱས་ནས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལས་འགན་དུས་བཀག་ལྟར་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ལིའུ་ཐོ་ཡིས་ནན་གྱིས་བསྟན་དོན། རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་འཛུགས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་འཆར་འགོད་དང་བཀོད་སྒྲིག ལག་བསྟར་བྱས་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཡིན་པས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། བསམ་བློ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་དཔྱད་འཇོག་དང་ཞིབ་བཤེར་རྩིས་ལེན་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ། ངོས་ཟིན་དང་འགུལ་སྐྱོད། གྲ་སྒྲིག རྣམ་འགྱུར། འགན་སྲུང་ནན་མོ་བྱས་ནས། ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་དུས་བཀག་ལྟར་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།