དབུལ་པོའི་ཞྭ་མོ་ཕུད། འབྱོར་འབྲིང་འཚོ་བར་བསྐྱོད།

微信图片_20200904114507.jpg

——རམས་ཚེ་བྷོས་འཁྲབ་ཁྲིད་གནང་བའི《བྲག་དཀར་སྤུན་གསུམ》ཞེས་པའི་བརྙན་ཐུང་བལྟས་རྗེས་ཀྱི་མྱོང་ཟིན།

རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་དབུ་ཁྲིད་བླ་ན་མེད་པའི་འོག་ཏུ། ཀྲུང་གོའི་མི་རིགས་ཐམས་ཅད་གྱིས་ཆུ་དང་ཉ་མོའི་བརྩེ་བ་བསྐྱངས་ཏེ། མཐུན་སྒྲིལ་རྡོག་རྩ་གཅིག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་དུ་བཙུགས་པ་ནི། ཀྲུང་ཧྭ་མི་རིགས་འཛམ་གླིང་ས་སྒང་རིལ་པོའི་སྟེང་དུ་ང་རྒྱལ་དང་སྦོབས་པས་འགྲེང་དུ་བཅུག་པའི་ཀྲུང་གོའི་ཕུགས་འདུན་ལ་བརྩོན་པའི་ལེའུ་དང་པོར་གྱུར་ཅིང་། དེ་ནས་ལོ་ངོ་བདུན་ཅུའམ། ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་ནས་ལོ་ངོ་བཞི་བཅུ་ལྷག་གི་དཀའ་སྤྱད་འབད་བརྩོན་བརྒྱུད་དེ། ཀྲུང་ཧྭ་མི་རིགས་འབྱོར་ཕྱུག་ལྡན་པའི་དམིགས་ཡུལ་མངོན་དུ་འགྱུར་བའི་ཀྲུང་གོའི་ཕུགས་འདུན་གྱི་ལེའུ་གཉིས་པ་བརྩམས་པ་ཡིན་ཞིང་། ད་ལོ་ནི་ལེའུ་གཉིས་པ་འདི་ལེགས་པར་གྲུབ་སྟེ་ཀྲུང་ཧྭ་མི་རིགས་སྟོབས་ལྡན་དུ་བརྩོན་པའི་ཀྲུང་གོའི་ཕུགས་འདུན་གྱི་ལེའུ་གསུམ་པ་དབུ་འབྱེད་པའི་དཀྱོགས་མཚམས་གལ་ཆེན་ཞིག་ཡིན་སྟབས། དུས་ལྟར་ཀྲུང་ཧྭ་མི་རིགས་ལྔ་བཅུ་ང་དྲུག་པོ་མཉམ་གཅིག་ཏུ་འབྱོང་འབྲིང་འཚོ་བའི་ལམ་ཆེན་དུ་བསྐྱོད་དེ་འབྱོར་ཕྱུག་ལྡན་པའི་ཀྲུང་གོའི་ཕུགས་འདུན་གྱི་ལེའུ་གཉིས་པ་མངོན་འགྱུར་བྱ་ཆེད། ལོ་འགའི་སྔོན་དུ་ཏང་ཀྲུང་དབྱང་གིས་དབུལ་ཕྱུག་དོ་མི་མཉམ་པའི་ཆ་ལ་དམིགས་ཏེ། དབུལ་ཐར་འགག་སྒྲོལ་དང་གནད་ཁེལ་དབུལ་སྐྱོར་གྱི་སྲིད་ཇུས་གསེར་གྱི་ཉི་མ་རྒྱལ་ཡོངས་ཀྱི་མཐའ་འཁོབ་ས་ཁུལ་དག་ལ་རིས་སུ་མ་ཆད་པར་འཕྲོས། ཏང་ཀྲུང་དབྱང་གི་བླ་ན་མེད་པའི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་སྲིད་ཇུས་བཟང་པོ་དང་། དཀའ་སྤྱད་འབད་བརྩོན་ལ་མཁས་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས། མི་རིགས་ཕན་ཚུན་བར་རོགས་རམ་བྱེད་པའི་མཛའ་བརྩེ་མཐུན་སྒྲིལ་དམ་པོ་སོགས་ཀྱི་ནུས་མཐུ་ལ་བརྟེན་ནས། བོད་ཁུལ་གྱི་དབུལ་ཕུངས་ས་ཆ་སོ་སོ་ཡང་རྒྱལ་ཡོངས་དང་མཉམ་གཅིག་ཏུ་དབུལ་ཐར་བྱུང་སྟེ་འབྱོར་འབྲིང་འཚོ་བའི་ལམ་ཆེན་དུ་བསྙེགས་དང་སྙེག་མུས་སུ་མཆིས། 《བྲག་དཀར་སྤུན་གསུམ》ཞེས་པའི་བརྙན་ཐུང་འདིས་དུས་སྐབས་འདི་ལྟ་བུ་ཞིག་དུས་རབས་ཀྱི་རྒྱབ་ལྗོངས་སུ་བྱས་ཏེ། ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་རྐང་གཞོང་རྩྭ་ཐང་སྟེ་བྲག་དཀར་རྫ་འདབས་ཀྱི་བུ་སྤུན་གསུམ་ཇི་ལྟར་དབུལ་ཐར་ཕྱུག་འགྱུར་བྱུང་སྟེ། འབྱོར་འབྲིང་འཚོ་བར་བསྐྱོད་པའི་གཏམ་རྒྱུད་གསོན་ཉམས་ལྡན་པ་ཞིག་སྨྲ་མེད་པའི་བརྙན་མིག་གི་སྒྱུ་རྩལ་ཐབས་ལམ་དུ་དྲངས་ནས། གཟིགས་པ་པོ་རྣམས་ཀྱི་མིག་གི་དགའ་སྟོན་དུ་ལེགས་པར་བསྟར་འདུག བརྙན་ཐུང་འདིའི་འཁྲབ་གཞུང་གི་གཏམ་རྒྱུད་དང་བརྗོད་བྱའི་མཚོན་དོན། བརྙན་རིས་ཀྱི་མཛེས་ཉམས་བཅས་ཀྱི་ཐད་ནས་བལྟས་ན། རང་བཞིན་ངང་གིས་འཛུམ་པའི་མེ་ཏོག་གི་ཚུལ་ལྟར་དཔྱོད་ལྡན་དག་གི་ཡིད་ཀྱི་དང་བ་དབང་མེད་དུ་འདྲེན་པར་བྱེད་པའི་དགེ་མཚན་མང་པོ་བདོག་པར་འདོད།

གཅིག གཏམ་རྒྱུད་ལ་འཚོ་བའི་བདེན་དངོས་དོད་ཅིང་བརྩེ་བའི་དྲི་བསུང་འཐུལ་བ།

སྤྱིར་བོད་ཀྱི་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་ནི་ཆེས་སྤྱིར་བཏང་དང་བག་ཡངས་ཀྱིས་ངང་ནས་བསྐྱལ་བཞིན་ཡོད་ཅིང་། ལྷག་པར་དུ་རྫ་མཐོ་ས་ཐང་ཡངས་སར་གནས་བཅས་པའི་འབྲོག་པ་མང་ཚོགས་ནི་རྫ་ཆུ་དྭངས་མོ་ཞིག་ཡངས་པའི་རྩྭ་ཐང་དུ་དལ་གྱིས་རྒྱུ་བ་དང་འདྲ་བར་དུས་བཞིའི་འགྱུར་བ་དང་བསྟུན་ཏེ་ལྷོད་ཡངས་དང་དྭངས་གཙང་གི་ངང་ནས་ཆེས་སྤྱིར་བཏང་དང་སྟབས་བདེ་ཡིན་པའི་འཚོ་བ་རོལ་བཞིན་ཡོད། བརྙན་ཐུང་འདི་མགོ་བརྩམས་མ་ཐག་ཀྲིན་ཀྲང་དང་ཧྲུའུ་ཅི་དང་པོ་གཉིས་ཀྱིས་ཐང་ཡངས་མོ་རྟ་ཕོའི་གོམ་ལ་གཞལ་ཅིང་། རི་མཐོན་པོ་རྐང་པའི་འགྲོས་ཀྱིས་བཅད་པའི་རྣམ་པ་དང་། ཕུ་བོ་རྣམ་རྒྱལ་ཁང་པའི་ཁྱམས་སུ་བསྡད་དེ་ཀོ་པགས་མཉེད་པ་བཅས་ཀྱིས་ཐད་ཀར་དུ་འབྲོག་པའི་འཚོ་བ་དངོས་མངོན་པར་བྱས་ཏེ། གཏམ་རྒྱུད་ཀྱི་མགོ་བརྩམས་པ་ནས་འཚོ་བའི་བདེན་པར་གཞི་བཙུགས་པ་རྟོགས་པར་བྱས་ཡོད།

དེ་མིན་བུ་སྤུན་གསུམ་གྱི་ཆེ་བ་རྣམ་རྒྱལ་ནི་རྩྭ་ཐང་གི་འབྲོག་པ་དཀྱུས་མ་ཞིག་ཡིན་ཞིང་། སྲིད་གཞུང་གིས་དབུལ་སྐྱོར་ཁྱིམ་ཚང་གྲས་སུ་བཞག་སྟེ། ལས་སྐྱོར་གྱི་ཚུལ་དུ་ཞོར་ལས་བཀོད་སྒྲིག་བྱས་པ་དང་། དེ་ནས་སྡེ་བའི་རྩྭ་སྲུང་དུ་བསྐོས། མཐའ་མར་ཁོ་རང་ཉིད་ཀྱིས་ཀྱང་འབྲོག་ཁྱིམ་སྤྲོ་སྐྱིད་གླིང་ཞིག་འཛུགས་འདོད་ཀྱི་འདུན་པ་ཡོད། བུ་སྤུན་གཉིས་པ་ཚེ་གཟུངས་རྒྱལ་ནི་ཁོ་ཚོ་སྤུན་གསུམ་ལས་འབྱོར་བ་ཅུང་བཟང་ལ། ཁོས་ནི་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་བཟང་པོར་བརྟེན་ནས་ཕྱུགས་ལས་མཉམ་ལས་ཁང་དུ་ཞུགས་ཏེ་རང་ཉིད་ཀྱི་འབྱོར་ཕྱུག་འཚོ་བར་བརྩོན་བཞིན་ཡོད། བུ་སྤུན་གསུམ་པ་དཔལ་ཁོ་ནི་ཏང་གི་སྲིད་ཇུས་བཟང་པོའི་འོག་ཏུ་ཟབ་སྦྱོང་ལ་མངགས་པ་དང་ཚོང་ཁང་འབྱེད་པ་། ལག་རྩལ་སྦྱོང་བ། ཁེ་ལས་གཉེར་བ་བཅས་ལ་བརྩོན་ཏེ་རང་ཉིད་ཀྱི་ལས་དབང་བསྒྱུར་བའི་ལས་ལ་འབད་བཞིན་ཡོད། ཁོང་བུ་སྤུན་གསུམ་གྱི་དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུ་ནི་འབྲོག་པ་མང་ཚོགས་འབྱོང་འབྲིང་འཚོ་བར་བསྐྱོད་པའི་ལམ་བུ་ཁྲི་སྟོང་མང་པོའི་བསྡུས་གཟུགས་གསུམ་དུ་གྱུར་ཡོད་པ་དང་། དེ་ཡང་སྤྱིར་བཏང་དང་རང་བཞིན་མ་བཅོས་པའི་ངང་ནས་འཕེལ་བར་བྱས་ཡོད་སྟབས། འཚོ་བ་དངོས་དང་དོན་དག་དངོས་ཀྱི་བདེན་སྟོབས་ཀྱིས་ཕྱུག་ཡོད།

བརྙན་ཐུང་ཁྲོད་ཀྱི་བུ་སྤུན་གསུམ་གྱི་གཏམ་རྒྱུད་ནི་སྐུད་སྣེ་གསུམ་གྱི་རྣམ་པ་ལྟར་བཀྲལ་ཅིང་། སྐུད་པའི་བསྣོལ་མཚམས་རེ་རེ་ནི་བུ་སྤུན་གསུམ་གྱི་མཛའ་བརྩེ་ཡི་འོད་མདངས་འཚེར་སར་གྱུར་ཡོད། དཔེར་ན། ཕུ་བོ་རྣམ་རྒྱལ་གྱིས་ནུ་བོ་དཔལ་ཁོ་ཚང་དབུལ་སྐྱོར་ཁྱིམ་ཚང་གྲས་སུ་བཞག་ཡོད་མེད་ཀྱི་གཏམ་དྲིས་པ་དང་། རྣམ་རྒྱལ་དང་ཚེ་གཟུངས་རྒྱལ་གཉིས་ཀྱིས་ཕན་ཚུན་ལ་རོགས་རམ་བགྱིས་ཏེ་ཞོར་ལས་ལས་པ། རྣམ་རྒྱལ་གྱི་ཆུང་མར་ནད་ལྗིད་མོ་བྱུང་ནས་ཐང་ལ་འགྱེལ་བས་བུ་སྤུན་གསུམ་གྱིས་སྨན་པར་བསྟེན་པ། ཚེ་གཟུངས་རྒྱལ་གྱིས་ནོར་ཕྱུགས་བཙོངས་ནས་ནུ་བོ་དཔལ་ཁོས་ཚོང་ལས་གཉེར་བར་རྒྱབ་སྐྱོར་བྱས་པ། དཔལ་ཁོས་གྲོས་མགོ་བཏོན་ཏེ་ཕུ་བོ་ཚེ་གཟུངས་རྒྱལ་དང་ཁོ་གཉིས་ཀྱིས་ཕུ་བོ་རྣམ་རྒྱལ་གྱིས་འབྲོག་ཁྱིམ་སྤྲོ་སྐྱིད་གླིང་འཛུགས་པར་རོགས་བྱས་པ་སོགས་ཀྱི་བྱུང་བ་ནི་ཕུ་ནུའི་བར་ལ་མཚོན་ན་ཆེས་སྤྱིར་བཏང་གི་དོན་དག་རེ་རེར་སྣང་ཡང་། ང་ཚོས་བློ་སེམས་ནང་ལ་འཁོར་ཏེ་ཞིབ་ཏུ་བསམ་གཞིག་རེ་བྱས་ན། ཆེས་སྤྱིར་བཏང་གི་འཚོ་བ་ལས་སྤྱིར་བཏང་མ་ཡིན་པའི་ཕུ་ནུའི་བརྩེ་སེམས་ཀྱི་དྲི་བསུང་གང་སར་འཐུལ་བར་བྱས་འདུག་པ་རྟོགས་ཐུབ། ལྷག་པར་དུ་འབྲེལ་ལམ་གཞན་ཞིག་གི་མཐོང་སྣེ་ནས་བལྟས་ན། གནད་ཁེལ་དབུལ་སྐྱོར་དང་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་རབ་དང་རིམ་པ་དངོས་འབེབས་ལག་བསྟར་བྱུང་བ་ལས་ཏང་དང་རྒྱལ་ཁབ་ཀྱིས་རྒྱ་ཆེའི་མི་དམངས་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་སེམས་དམ་པ་དངོས་ཤུགས་བརྒྱུད་གསུམ་ནས་མངོན་པར་བྱས་ཡོད་དོ། །

གཉིས། བརྗོད་བྱའི་མཚོན་དོན་མཆོག་ཏུ་གྱུར་ཅིང་དགོངས་གཞི་ཟབ་པ།

སྒྱུ་རྩལ་བརྩམས་ཆོས་ཤིག་ལ་མཚོན་ནས་བཤད་ན། ཇི་ལྟར་འཚོ་བའི་བདེན་པ་དང་ཁད་ཉེ་ན་དེ་ལྟར་བརྩམས་ཆོས་མཆོག་ཏུ་གྱུར་པ་ཞིག་ཏུ་བརྩིས་ཆོག་པར་འདོད་ཅིང་། རྨད་དུ་བྱུང་བའི་སྒྱུ་རྩལ་ཐབས་ལམ་གྱིས་སྤྲོས་རྒྱན་བཏགས་ན་ནི་ཤིན་ཏུ་ལེགས་ཀྱང་། ཆེས་སྤྱིར་བཏང་གི་ཐབས་ལམ་ལས་ཆེས་སྤྱིར་བཏང་མ་ཡིན་པའི་བརྗོད་དོན་མཚོན་པར་བྱས་ན་ཡང་མཛེས་པ་ལ་མཐའ་མེད་པ་ཞིག་ཡིན། 《བྲག་དཀར་སྤུན་གསུམ》ཞེས་པའི་བརྙན་ཐུང་འདི་ནི་ཕྱི་མ་ལྟར་བརྗོད་དོན་སྤེལ་ཡོད་པ་དང་། ཆེས་སྤྱིར་བཏང་གི་འབྲོག་པའི་དབུལ་ཐར་ཕྱུག་འགྱུར་གྱི་འཚོ་བ་ལས་ཆེས་སྤྱིར་བཏང་མ་ཡིན་པའི་བརྗོད་དོན་མཆོག་ཏུ་གྱུར་པ་ཞིག་མཚོན་ཡོད་པར་མ་ཟད། དེ་དང་བསྟུན་ནས་དགོངས་གཞི་ཟབ་མོ་ཞིག་ལའང་བསྙེགས་འདུག བརྗོད་བྱའི་མཚོན་དོན་གྱི་དབང་དུ་བཏང་ན། ཀྲིན་ཀྲང་དང་ཧྲུའུ་ཅི་དང་པོ་གཉིས་ཀྱིས་ཆར་རླུང་དྲག་པོར་མི་འཛེམ་པར་ལ་དང་ལུང་པ་བརྒྱུད་ཅིང་། ཐང་དང་ཉག་ག་བརྟོལ་ནས་དབུལ་པོ་ཁྱིམ་ཚང་གི་གནས་ཚུལ་ཞིབ་ཏུ་བརྟག་དཔྱད་གནང་བ་དང་། དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོ་རྒྱང་རིང་གི་ཁྱིམ་ཚང་རེ་རེར་བསྐྱལ་བ་སོགས་ལས་གཞི་རིམ་གྱི་ལས་རྐང་དང་པོར་གནས་པའི་ཧྲུའུ་ཅི་དང་པོས་དམངས་ལ་ཞབས་འདེགས་ཞུས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་དགོངས་པ་ཟབ་མོ་དང་སྲིད་ཇུས་བཟང་པོ། བརྩེ་སེམས་རྣལ་མ་སོགས་མང་ཚོགས་ཀུན་ལ་ཇི་བཞིན་དུ་འཕྲོད་ཅིང་གོ་བར་བྱས་ལ། བཀའ་དྲིན་གྱི་ཉི་འོད་དངོས་སུ་མྱོང་དུ་བཅུག་པའི་དཀའ་སྡུག་གི་ལས་ལ་འབད་པའི་ཚུལ་མཚོན་ཡོད།

བྱེ་བྲག་ཏུ་དབུལ་སྐྱོར་གྱི་རྣམ་གྲངས་རེ་རེ་ནི། རྣམ་རྒྱལ་དང་དཔལ་ཁོ་གཉིས་གནད་ཁེལ་དབུལ་སྐྱོར་གྱི་གྲས་སུ་བཞག་པའི་བརྡ་བཏང་བ་ལས་གནད་ཁེལ་དབུལ་སྐྱོར་ནི་ངེས་པ་དོན་གྱིས་གནད་ལ་ཁེལ་བའི་སྒོ་ནས་ལག་ཏུ་བསྟར་བ་མཚོན་ཞིང་། རྣམ་རྒྱལ་ལ་ཞོར་ལས་བཙལ་པ་དེས་ལས་སྐྱོར་དང་། རྣམ་རྒྱལ་ཚང་མཉམ་ལས་སྨན་བཅོས་སུ་ཞུགས་ཡོད་མེད་ཀྱི་འདྲི་རྟོག་བྱས་ཏེ་ཁོའི་ཆུང་མ་མྱུར་ཏུ་སྨན་པར་སྟོན་དགོས་པའི་མངགས་བཅོལ་བྱས་པ་ལས་བདེ་ཐང་དབུལ་སྐྱོར། དཔལ་ཁོ་ལག་རྩལ་ཟབ་སྦྱོང་དུ་མངགས་པ་དང་ཚེ་གཟུངས་རྒྱལ་གྱི་བུ་མོ་འབྲོག་པའི་རྩྭ་ཐང་དང་ཐག་ཉེ་ལ་དེང་རབས་ཅན་གྱི་སྒྲིག་ཆས་འཛོམས་པོ་ཡིན་པའི་སློབ་གྲྭ་གསར་པར་བསྐྱལ་བ་ལས་སློབ་གསོའི་དབུལ་སྐྱོར། དཔལ་ཁོ་ཚང་རྫོང་མཁར་དུ་གནས་སྤོ་རུ་བཅུག་པ་ལས་གནས་སྤོ་དབུལ་སྐྱོར། རྣམ་རྒྱལ་རྩྭ་སྲུང་དུ་བསྐོས་པ་ལས་སྣོད་བཅུད་སྲུང་སྐྱོང་གི་དབུལ་སྐྱོར། མཆོད་རྟེན་གཞོང་དུ་གནད་ཁེལ་དབུལ་སྐྱོར་གྱི་ཁྱིམ་ཚང་རྣམས་ལ་གཅིག་གྱུར་གྱིས་ཁང་པ་གསར་པ་བསྐྲུན་པ་དང་། རྒན་གསོ་ཁང་དང་སྨན་ཁང་སོགས་དམངས་ཕན་ཞབས་ཞུ་ལྟེ་གནས་བཙུགས་པ་སོགས་ལས་མཐའ་སྐྱོང་འགན་སྲུང་གི་དབུལ་སྐྱོར་སོགས་མཚོན་ཡོད།

དེ་མིན་དཔལ་ཁོར་མཚོན་ན། ཐོག་མར་དབུལ་པོ་དབུལ་རྐྱང་གི་ཁྱིམ་ཚང་ཞིག་ནས་མཐའ་མར་ཤིང་བརྐོས་བཟོ་གྲྭ་དང་ཁྱིམ་ཆས་ཚོང་ཁང་ཆེན་མོ་ཡོད་པའི་འབྱོར་ལྡན་པ་ཞིག་ཏུ་གྱུར་པར་མ་ཟད། ལས་བཟོ་པ་མང་པོ་ཞིག་ལ་ལས་ཀའང་མཁོ་འདོན་བྱེད་ཐུབ་པའི་ཁེ་ལས་པ་ཆུང་ཆུང་ཞིག་ཏུ་གྱུར་པ་ནི། ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་འོག་ཏུ། ཁོས་མུག་སྐྱོབ་ཁོ་ནར་རེ་བ་ལྟ་བུའི་བསམ་པ་རྒྱང་དུ་དོར་ཏེ། རང་ཉིད་ཀྱིས་ཀྱང་འབད་པ་བརྒྱ་འགྱུར་དང་ངལ་པ་སྟོང་འགྱུར་གྱིས་རང་གི་མ་འོངས་པའི་ཕུགས་འདུན་ལ་ཧུར་བརྩོན་བྱས་པའི་གྲུབ་འབྲས་འབའ་ཞིག་ཡིན་ཞིང་། འདི་ལས་དེང་གི་ན་གཞོན་ཕུགས་སེམས་དག་གི་འབད་བརྩོན་གྱི་ཉམས་འགྱུར་མཚོན་ལ།   ལག་རྩལ་སྣ་གཅིག་ཁོང་དུ་ཆུབ་ན་ཡང་རང་གཞན་ཀུན་ལ་ཕན་པའི་ལས་དོན་ཞིག་ལེགས་པར་སྒྲུབ་ཐུབ་པའི་བདེན་པའི་གནས་ལུགས་ཟབ་མོ་རང་བཞིན་གྱིས་མཚོན་ཡོད་པར་འདོད། ཁྱད་པར་དུ་བརྙན་ཐུང་གི་གཏམ་རྒྱུད་སྤྱི་ལ་གཞིགས་ན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལྟ་བུའི་དབུལ་ཐར་འགག་སྒྲོལ་དང་གནད་ཁེལ་དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོ་རྒྱུད་ལ་སྐྱེས་པ་དང་། དེ་ཉིད་ལག་ལེན་དུ་བཏབ་སྟེ་དམངས་ཕན་གྱི་སྦྱོར་བར་བརྩོན་པའི་བྱང་ཆུབ་ཀྱི་སྤྱོད་པ་ལྟ་བུ་རབ་ཏུ་མངའ་བའི་བླ་ན་མེད་པའི་ཏང་ཀྲུང་དབྱང་གི་མཆོག་ཏུ་གྱུར་པའི་དགོངས་བཞེས་ཟབ་མོ་དང་། མཛད་སྤྱོད་རླབས་ཆེན་དངོས་བསྟན་མ་ཡིན་པའི་ཚུལ་དུ་ངང་ངམ་ཤུགས་ཀྱིས་མཚོན་པར་བྱས་ཡོད་སྙམ། བརྗོད་བྱའི་དོན་མཆོག་ཏུ་གྱུར་པ་འདི་ལྟ་བུ་མཚོན་པར་བརྒྱུད་དགོངས་གཞི་ཟབ་མོ་ཞིག་ལའང་ངང་གིས་བསྙེགས་ཡོད་པར་འདོད་དེ། དེ་ཡང་ཇི་སྐད་དུ། རྗེ་བཙུན་མི་ལ་རས་པ་མཆོག་གིས། སྟོང་ཉིད་རྟོགས་ན་སྙིང་རྗེས་སྐྱེས། །སྙིང་རྗེ་སྐྱེས་ན་བདག་གཞན་མེད། །བདག་གཞན་མེད་ན་འགྲོ་དོན་འགྲུབ། ། ཞེས་གསུངས་པ་ལྟར། བོད་ཀྱི་རིག་གནས་ཀྱིས་རྒྱུད་ལེགས་པར་སྦྱངས་པའི་མཐར་ཐུག་གི་དམིགས་ཡུལ་དམ་པ་ནི་གཞན་དོན་ལེགས་པར་བསྒྲུབ་རྒྱུ་དེ་ཡིན་ཞིང་། ཁ་ཞེ་གཉིས་མེད་ཀྱི་གཞན་དོན་གཙང་མར་བསྒྲུབ་པ་ལ་ངེས་པར་དུ་སྟོང་ཉིད་རྟོགས་པའི་ཤེས་རབ་ཟབ་མོའི་མཐར་སོན་པ་དང་སྙིང་རྗེ་ཆེན་མོས་རྒྱུད་བརླན་རྒྱུ་དེའོ། །

ང་ཚོས་ཚད་ཐིག་འདི་གཞིར་བཟུང་ནས་བལྟས་ན། ཀྲུང་གོའི་མི་དམངས་དུང་ཕྱུར་མང་པོ་དབུལ་ཕུངས་འཚོ་བའི་དཀའ་སྡུག་གི་མཚོ་མོར་ལྷུང་འདུག་པ་ཏང་ཀྲུང་དབྱང་གིས་ཤེས་རབ་ཟབ་མོའི་སྤྱན་ཟུང་གིས་ལེགས་པར་མཐོང་བ་དང་། མཐོང་ནས་ཀྱང་སྙིང་རྗེ་ཆེན་པོས་ཐུགས་དགོངས་རྣམ་པར་གཡོས་ཏེ་བརྩེ་བའི་སེམས་ཀྱིས་མ་བཟོད་ནས། དབུལ་ཐར་འགག་སྒྲོལ་དང་གནད་ཁེལ་དབུལ་སྐྱོར་གྱི་ཡང་དག་པའི་སྲིད་ཇུས་བཟང་པོ་ཐུགས་ཀྱི་འོ་མཚོ་ལས་སྙིང་པོ་བཏོན་པའི་མར་ལོ་བཞིན་ལེགས་པར་འཁྲུངས་ཏེ་ལག་ལེན་དུ་བཏབ་ཅིང་། དེ་ཉིད་སྦྱོར་བ་དངོས་ལ་ཕབ་པས་ལྟོགས་པའི་ཁ་ནང་དུ་འབྲི་མར་སེར་པོ་བཞག་པ་ལྟར་གྱུར་ཏེ། དབུལ་ཐར་འགག་སྒྲོལ་ལ་ཉམས་དགའ་བའི་གྲུབ་འབྲས་རྨད་དུ་བྱུང་བ་བླངས་ཤིང་མང་ཚོགས་ཁྲི་མ་འབུམ་དཀའ་སྡུག་གི་རྒྱ་མཚོ་ལས་སྐད་ཅིག་དེ་ཉིད་ལ་བསྐྱབས་པ་དེས། དེང་གི་འདོད་ཡོན་ལྔར་བརྩོན་པའི་བསམ་པ་མེ་རི་ལྟར་འཕྱུར་བཞིན་པའི་མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་དུ་ཡང་ས་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་གསོན་པོ་ཞིག་ཡོད་དུ་སྲིད་ན། དེ་ནི་ཤེས་རབ་དང་བརྩེ་བའི་བདག་ཉིད་དུ་གྱུར་པའི་ཏང་ཀྲུང་དབྱང་ཁོ་ན་ཡིན་པར་རིག་པས་ཞིབ་ཏུ་བརྟགས་ན་རྟོགས་ནུས་ལ། འདི་ནི་བརྙན་ཐུང་འདིའི་མཐར་ཐུག་གི་དགོངས་གཞི་སྙེག་ས་དེ་ཡིན་པར་ཡང་ཁོ་བོས་སེམས་སོ། །

གསུམ། བརྙན་རིས་ལ་མཛེས་པའི་ཉམས་ཀྱིས་ཁེངས་ཤིང་མི་རིགས་ཀྱི་ཁྱད་ཆོས་མངོན་པ།

དགོང་ཁའི་མཚམས་སྤྲིན་གྱི་མཛེས་པས་ཡིད་དབང་འཕྲོག་ཅིང་། འོ་ཁའི་སྤྲི་མ་ལྟ་བུའི་ཉི་ཟེར་རྣམ་པར་བཀྲ། བྲག་དཀར་རྫ་རིའི་རྩེ་མོ་དབང་སྔོན་ལན་བརྒྱར་བྱུག་འདྲའི་ཨ་སྔོན་མཐོན་པོའི་དབྱིངས་སུ་ཟུག་པ་དང་། དབུ་རྩེར་ཞོ་གསར་སྤོངས་འདྲའི་སྤྲིན་དཀར་ཀྱི་འདབ་མ་ལྷེབ་ལྷེབ་ཏུ་གཡོ། གཡུ་ལོ་ཐགས་སུ་བཀོད་པ་ལྟ་བུའི་རྐང་གཞོང་རྩྭ་ཐང་དུ་སྦྲ་གུར་གྱི་ཚོམ་བུ་དང་ནོར་གནག་གི་ཁྱུ་ཚོགས་ནི་མེ་ཏོག་གི་ཕྲ་ཚོམ་བཏབ་པ་ལྟར་མཛེས་ཤིང་། རྩྭ་ཐང་གོས་ལྟ་བུའི་སྟེང་དུ་ཨར་འདམ་གྱི་ལམ་བུ་བདེ་མོ་རྒྱང་རིང་དུ་འཐེན་པ་ནི་དར་དཀར་གྱི་ཁ་བཏགས་ཡུག་གཅིག་བརྐྱངས་པ་དང་འདྲ། ད་དུང་གཞལ་མེད་ལྷ་ཡི་གྲོང་ཁྱེར་དངོས་སུ་ས་ལ་འཕོས་པ་དང་མཚུངས་པའི་མཆོད་རྟེན་གཞོང་སྡོད་ཁུལ་གསར་པ་དང་། རྣམ་པར་རྒྱལ་བའི་ཁང་བཟང་ལྟ་བུའི་སློབ་གྲྭ་གསར་པ་སོགས་ཀྱིས་མཚོན་པའི་བརྙན་རིས་དག་གི་མཛེས་སྡུག་ལ་མུ་མཐའ་མེད་ཅིང་། གཟིགས་པ་པོའི་སེམས་སུ་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པའི་དགའ་བདེའི་ཚོར་བ་ངང་གིས་སྦྱིན་པར་བྱེད། འདི་དང་འདི་ལྟ་བུའི་བརྙན་རིས་ཀྱི་མཛེས་སྡུག་རིམ་བཞིན་འཆར་དུ་བཅུག་སྟེ། རང་ལ་མྱོང་བ་དངོས་མེད་ན་རྟོགས་འཆར་གྱི་ཀློང་ལས་འགོངས་པའི་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་གི་འཚོ་བ་གསར་པ་དེ་འབྲོག་པའི་རྩྭ་ཐང་གི་རང་བཞིན་གྱི་མཛེས་པ་ལྟར་ཡིད་དུ་འོང་ཞིང་ལྟ་ན་སྡུག་པ་ཞིག་ཡིན་པར་བརྙན་མིག་གི་སྐད་ཆར་བརྟེན་ནས་མིག་མདུན་དུ་དངོས་པའི་གཟུགས་སུ་གྲུབ་པར་བྱས་ཡོད། ལྷག་པར་དུ་བརྙན་རིས་ཀྱི་མཛེས་པ་ཁྱད་དུ་འཕགས་པ་འདི་དག་ནི་མདོ་དབུས་མཐོ་སྒང་གི་འབྲོག་པའི་རིག་གནས་ཀྱི་ཁྱབ་ཁོངས་སུ་མ་གཏོགས་མཐོང་དཀོན་པས་དེ་ལ་མི་རིགས་ཀྱི་ཁྱད་ཆོས་བཅོས་མིན་དུ་མངའ་ཞིང་། དེ་མིན་བརྙན་ཐུང་གི་བརྗོད་བྱ་ནི་བོད་ཀྱི་འབྲོག་པ་མང་ཚོགས་དབུལ་ཐར་ཕྱུག་འགྱུར་དུ་བསྐྱོད་པའི་འཚོ་བ་མཚོན་བཞིན་ཡོད་གཤིས། འཁྲབ་སྟོན་མི་སྣའི་གྱོན་ཆས་དང་སྐད་ཆ། འཚོ་བའི་ཅ་ལག་སོགས་ཀྱི་སྟེང་ནས་ཀྱང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བ་ནི་སྨྲས་མ་དགོས་སོ། །

མདོར་ན།《བྲག་དཀར་སྤུན་གསུམ》ཞེས་པའི་བརྙན་ཐུང་འདིས་གློག་བརྙན་གྱི་རྣམ་པར་བརྟེན་ནས་ཏང་གི་བཀའ་དྲིན་དང་མང་ཚོགས་ཀྱི་འཚོ་བ་གསར་པ་ཁྱབ་སྒྲོག་བྱེད་པའི་ལམ་བུ་ཞིག་གསར་དུ་བཏོད་ཡོད་སྟབས། དེའི་དགེ་མཚན་ནི་གོང་གི་འདི་ཙམ་གྱིས་བརྗོད་ཀྱིས་ག་ལ་ལངས། ཁོ་བོས་ནི་རང་གི་བློ་ཆུང་དུ་ཤོང་ཚད་ཙམ་སྨྲས་པ་ལ་ད་དུང་ནོངས་པའི་ཆ་ཤིན་ཏུ་མང་པོ་ཡོད་སྲིད་པས། བློ་གྲོས་དང་ལྡན་པ་རྣམས་གྱིས་བཟོད་གསོལ་དང་དགོངས་འཆར་ཡོད་པར་མཁྱེན་མཁྱེན། །


 གསང་བདག་རྒྱལ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་སྨྱན་སྦྱོར་གསར་པའི་ཁྱབ་སྒྲོག་ལྟེ་གནས་ཀྲུང་གོ་བོད་ཀྱི་དྲ་བའི་རྩོམ་སྒྲིག་པའི་ལས་གཉེར་མུས་སུ་མཆིས།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།