མཚོ་སྔོན་གྱི་གཙོ་གནད་ཡུལ་སྐོར་ལྗོངས་ཁུལ་དག་གིས་ཡུལ་སྐོར་པ་སྣེ་ལེན་བྱས་པའི་མི་གྲངས་ཇེ་མང་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུལ་སྐོར་ལས་རིགས་དང་ཐོན་སྐྱེད་སླར་གསོ་འབྱུང་བར་སྐུལ་འདེད་བྱས་པ་དང་བསྟུན་ནས། “རབ་མཛེས་མཚོ་སྔོན། ཡུལ་སྐོར་དག་ཞིང”ལ་རྒྱལ་ནང་གི་ཡུལ་སྐོར་པ་རྣམས་ཀྱིས་མིག་དབང་གཏད་དེ། རང་ཞིང་གི་ཡུལ་སྐོར་ལྗོངས་ཁུལ་སོ་སོར་ཐོན་པའི་ཡུལ་སྐོར་པའི་གྲངས་ཀ་རྒྱུན་ཆད་མེད་པར་འཕར།

ད་ལོའི་ཚུན་དུ། རང་ཞིང་གི་ལྗོངས་ཁུལ་དང་ཡུལ་སྐོར་ཁེ་ལས་ཁ་ཤས་ཀྱིས་རང་འགུལ་སྒོས་ཚོང་ཁྲོམ་གྱི་སྒོ་ཕྱེས་ནས། དམངས་ཕན་ཡུལ་སྐོར་བྱ་འགུལ་སྣ་ཚོགས་རྩ་འཛུགས་བྱས་ཏེ་སྤེལ་བ་དང་། ཞིང་ཆེན་ཕྱི་ནང་ལ་རང་ཡུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་མཚམས་སྦྱོར་བྱེད་པ། དུས་གཞུང་མིན་པའི་རིན་གོང་ལག་བསྟར་བྱེད་པ། ལམ་ཐིག་གསར་པ་བཏོད་པ། སྐུལ་འཚོང་གི་བྱ་འགུལ་སྣ་ཚོགས་སྤེལ་བ་བཅས་ལས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པ་མང་པོ་ཞིག་བཀུག་བྱུང་།

“ཟླ8པའི་ཚེས15ཉིན་བར་དུ། ཚྭ་ཁ་ལྗོངས་ཁུལ་དུ་བསྟུད་མར་ཉིན8ཀྱི་རིང་ལ་ཉིན་རེར་ཡུལ་སྐོར་པ་སྣེ་ལེན་བྱས་ཚད་མི་ཐེངས་ཁྲི2ལས་བརྒལ། སྣེ་ལེན་བྱས་ཚད་འདི་ན་ནིང་གི་དུས་མཉམ་དང་བསྡུར་ན50%ཡས་མས་ཡིན་མོད། འོན་ཀྱང་། གཞི་གྲངས་ཆེན་མོར་བལྟས་ན། ཞིང་ཆེན་བརྒལ་བའི་ཡུལ་སྐོར་སླར་གསོ་བྱས་རྗེས། ཡུལ་སྐོར་པ་སྣེ་ལེན་བྱེད་ཚད་མངོན་གསལ་གྱིས་ཇེ་མང་དུ་སོང་། དུས་མཚུངས་སུ། ཞིང་ཆེན་གཞན་པའི་ཡུལ་སྐོར་པའི་བསྡུར་ཚད་རིམ་བཞིན་ཇེ་མཐོར་སོང་སྟེ་མར་འབབ་ཀྱིན་མེད”ཅེས་མཚོ་སྔོན་ཚྭ་ཁ་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཚོང་གཉེར་པ་ལི་ཅན་ཁང་གིས་དེ་ལྟར་བཤད།

གནད་ཆེའི་ལྗོངས་ཁུལ་ལས་གཞན། ཁྲི་ཀའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་གཅན་ཚའི་བདེ་སྐྱིད་སྡེ་བ། ཧུའུ་ཀྲུའུ་ཧོར་རིགས་ཡུལ་སྲོལ་གླིང་སོགས་ཀྱིས་ཡུལ་སྐོར་པ་མང་པོ་བསུས་དང་བསུ་མུས་སུ་ཡོད། གསར་འགོད་པས་ཁྲི་ཀའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཡུལ་སྐོར་དུས་གཞུང་ཚུན་དུ། རྒྱལ་ཁབ་ས་གཤིས་སྤྱི་གླིང་གི་ཉེ་འགྲམ་དང་རྨ་ཆུའི་འགྲམ་ངོགས་ཀྱི་རླངས་འཁོར་འཇོག་ཡུལ་དུ་སྒེར་འཁོར་གྱིས་བཀང་འདུག་ལ། མཐའ་འཁོར་གྱི་ཁྱད་ལྡན་ཞིང་པའི་སྤྲོ་སྐྱིད་ཁང་དང་ཟ་ཁང་ཁ་ཤས་ཀྱི་ཚོང་ཡང་ཤིན་ཏུ་བྲིན་པ་རེད།

ལྗོངས་ཁུལ་དུ་ཐོན་པའི་ཡུལ་སྐོར་པ་མངོན་གསལ་གྱིས་ཇེ་མང་དུ་སོང་བ་ལས་རང་ཞིང་གི“འགྲོ་འདུག་སྤྱོད་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། འཛད་སྤྱོད”བཅས་ཀྱི་ཐོན་ལས་གྲུབ་འབྲས་འཕར་བར་སྣེ་ཁྲིད་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་གནད་ཆེའི་ལྗོངས་ཁུལ་མཐའ་འཁོར་གྱི་གསོལ་མགྲོན་ཁང་དུ་སྡོད་པའི་ཚད་དང་ཟ་མ་བཟའ་རུ་ཡོང་བའི་ཚད་ཚང་མ་མངོན་གསལ་གྱིས་འཕར་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།