མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་ལྟ་སྐུལ་ཞིབ་བཤེར་རྩ་འཛུགས་བྱས་ཏེ་སྐྱེ་ཁམས་དངོས་མང་བཤམས་སྟོན་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་སྣེ་ཁྲིད་དེ། ཞིང་ཆེན་སྡོད་ཁང་མཁར་ཤང་འཛུགས་སྐྲུན་ཐིན་དང་ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་མེ་གསོད་མེ་འགོག་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག ཟི་ལིང་གྲོང་ཁྱེར་འཕྲལ་བསྟུན་ཅུའུ། མཁར་དཀྱིལ་ཁུལ་མེ་གསོད་མེ་འགོག་མྱུར་སྐྱོབ་རུ་ཆེན་སོགས་ལས་ཁུངས་ཀྱིས་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་རྩ་འཛུགས་བྱས་ཏེ། མཚོ་སྔོན་སྐྱེ་ཁམས་ཐོན་ལས་དངོས་མང་བཤམས་སྟོན་དང་བོད་ལུག་ས་གདན་འགྲེམ་ཚོགས་ཀྱི་བདེ་འཇགས་བྱ་བར་ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་བྱས་ཏེ་དོན་རྐྱེན་མི་འབྱུང་བར་ཚོད་འཛིན་ནན་མོ་བྱས། 

ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་ཚན་ཆུང་གིས་འགྲེམ་ཁང་ལྟེ་གནས་ལས་བཟོ་ཡུལ་དངོས་སུ་སོང་ནས། སྔ་གཞུག་ཏུ་འགྲེམ་ཁང་གསུམ་གྱི་ལས་གཞི་བཟོ་སྐྲུན་ལས་ཁུངས་ཀྱིས་ལས་བཟོ་དང་གློག་བཀོལ་བདེ་འཇགས། མེ་གསོད་བདེ་འཇགས་དང་འགྲེམ་ཚོགས་ལྟེ་གནས་ཀྱི་བདེ་འཇགས་དོ་དམ། བདེ་འཇགས་བརྡ་རྟགས། མྱུར་སྐྱོབ་བྱ་ཐབས་སོགས་ཀྱི་དོ་དམ་བྱ་བར་ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་བྱས་པ་དང་། གློག་བཀོལ་བདེ་འཇགས་ཀྱི་ཉེན་ཁ་དང་དམིགས་བསལ་སྒྲིག་ཆས་ལ་དུས་བཅད་ཞིབ་བཤེར་བྱེད་པ། མེ་གསོད་མེ་འགོག་སྒྲིག་ཆས་ཚད་ལྡན་མིན་པ། མཛེས་བཟོའི་རྒྱུ་ཆ་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ལ་ཡུལ་དོངས་ནས་ལེགས་བཅོས་དང་བདེ་འཇགས་ཐད་ཀྱི་བསམ་འཆར་བཏོན། 

ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་ཚན་ཆུང་གིས་ལས་བཟོ་བའི་ལས་ཁུངས་ཀྱིས་བདེ་འཇགས་དོ་དམ་དང་རང་སྟེང་གི་ཞིབ་བཤེར་བྱ་བར་ཤུགས་བསྣན་ཏེ། གོ་རིམ་ཧྲིལ་བོའི་ཉེན་ཁའི་ཚོད་འཛིན་དོ་དམ་ཇེ་དྲག་ཏུ་བཏང་སྟེ། འགྲེམ་ཚོགས་ཀྱི་འགྲེམ་ཁང་བཀོད་སྒྲིག་སོགས་ཀྱི་གྲ་སྒྲིག་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།