ཁ་པར་རྒྱན་འཛུགས་རོལ་རྩེད་ཀྱི་ཆེད་དུ་ལས་གྲོགས་ལ་མགོ་སྐོར་བཏང་སྟེ་སྒོར་ཁྲི16གཡོ་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟི་ལིང་གི་སྐྱེས་པ་ཞིག་ཁ་པར་གྱི་རྒྱན་འཛུགས་རོལ་རྩེད་ལ་མགོ་འཁོར་བ་དང་། ལས་གྲོགས་ཀྱི་སྒོར་ཁྲི16ལྷག་གཡོ་ལེན་བྱས་པས་ཉེན་རྟོག་ཕྱོགས་ཀྱིས་ཉེས་དོན་བཀག་ཉར་བྱས་པ་རེད། ཟླ8པའི་ཚེས13ཉིན་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་བྱང་ཡན་ལག་ཅུའུ་ཆིན་ནོང་ཁྲོམ་རའི་བདེ་འཇགས་མངགས་གཏོང་ཁང་ལ་ཟི་ལིང་གི་ལས་ཁུངས་ཞིག་གི་ལས་མི་ཧོང་ཆེ་གེ་མོས་ངའི་ལས་གྲོགས་ཙོའུ་ཆེ་གེ་མོས་ད་ལོའི་ཟླ་3པ་ནས་ཟླ་5པའི་བར་དུ། མཉམ་དུ་ཚོང་ཁང་གཉེར་བར་ཁ་གཡར་ནས་སྒོར་ཁྲི16ལྷག་གཡོ་ལེན་བྱས་སོང་ཞེས་ཉེན་བརྡའི་ཁ་པར་བཏང་བ་དང་། ཉེན་བརྡ་འབྱོར་རྗེས་ཆིན་ནོང་ཁྲོམ་རའི་བདེ་འཇགས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཙོའུ་ཆེ་གེ་མོས་དོན་དངོས་རྫུན་བཟོ་བྱས་ནས་སྒོར་མོ་གཡོ་ལེན་བྱས་པའི་དོགས་གཞི་ཡོད་པ་དང་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས། ཟླ8པའི་ཚེས17ཉིན་མི་དམངས་ཉེན་རྟོག་པས་མཁར་ཤར་ཁུལ་གྱི་གཞིས་ཁུལ་ཞིག་ནས་སྒོར་མོ་གཡོ་ལེན་གྱི་དོགས་གཞི་ཡོད་པའི་ཙོའུ་ཆེ་གེ་མོ་འཛིན་བཟུང་བྱས་པ་དང་། ཙོའུ་ཆེ་གེ་མོས་བཤད་པ་ལྟར་ན། རང་ཉིད་ཁ་པར་གྱི་རྒྱན་འཛུགས་རོལ་རྩེད་ལ་མགོ་འཁོར་བ་དང་ད་ལོའི་ཟླ3པ་ནས་བཟུང་ལག་ཏུ་སྒོར་མོ་མེད་ལ། ཐབས་བརྒྱ་ཇུས་སྟོང་གིས་ལས་གྲོགས་ཧོང་ལགས་ཀྱི་ཡིད་ཆེས་ཐོབ་རྗེས། སྔ་གཞུག་ཏུ་ཧོང་ལགས་ཀྱི་ལག་ནས་སྒོར་ཁྲི་16ལྷག་གཡོ་ལེན་བྱས་ཏེ་ཁ་པར་གྱི་རྒྱན་འཛུགས་རོལ་རྩེད་ལ་བཀོལ། མིག་སྔར་དོགས་ཡོད་མི་སྣ་ཙོའུ་ཆེ་གེ་མོ་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་བྱང་ཡན་ལག་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་མྱུལ་ཞིབ་བྱེད་བཞིན་པའི་སྒང་ཡིན། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།