ལིག་ཐའོ་ཡིས་ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་མཚམས་ཀྱི་སྒྲིག་སྲོལ་ཚོད་ལྟའི་དཔྱད་འཇོག་བསྡུ་ལེན་གྲ་སྒྲིག་དང་ཆི་ལེན་རི་བོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས་1ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་མཚམས་ཀྱི་སྒྲིག་སྲོལ་ཚོད་ལྟའི་དཔྱད་འཇོག་བསྡུ་ལེན་གྲ་སྒྲིག་དང་ཆི་ལེན་རི་བོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་ཀྱིས་ཆི་ལེན་རི་བོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་སྟོབས་ཤུགས་ཡོད་རྒུས་དཔྱད་འཇོག་བསྡུ་ལེན་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་དགོས་ཞེས་བསྟན། 

ལིག་ཐའོ་སྔ་གཞུག་ཏུ་མིན་ཡོན་རྫོང་ལིང་ལི་ཁུག་ཟངས་གཏེར་དང་ཀྲུའུ་ཀུའུ་སི་སྡེ་བ། ཡོན་ཧྲུའུ་ཀུག་ཆུ་གློག་ས་ཚིགས། དེ་མིན་ཆི་ལེན་རྫོང་ཞ་ལིག་ཀུག་གཏེར་ཁུངས། ཡུག་ཧུའུ་ལུའུ་དོ་དམ་སྲུང་སྐྱོབ་ས་ཚིགས། ཞའོ་པ་པའོ་གཏེར་ཁུངས་སོགས་སུ་སོང་ནས། གཏེར་ལས་དབང་ཆ་ཕྱིར་སྤྲོད་དང་། སྐྱེ་ཁམས་གནས་སྤོར་གྱི་ས་གཅིག་དཔང་གཉིས་སོགས་ཀྱི་བྱ་བ་སྐུལ་འདེད་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ཏེ་མཚོ་བྱང་ཁུལ་དང་། མིན་ཡོན་རྫོང་། ཆི་ལེན་རྫོང་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བའི་སྙན་ཞུར་ཉན།  

ལིག་ཐའོ་ཡིས་ནན་གྱིས་བསྟན་དོན། རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་སྒྲིག་འཛུགས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་འཆར་འགོད་དང་བཀོད་སྒྲིག  སྐུལ་འདེད་བྱེད་པའི་རྒྱལ་ཁབ་འཐབ་ཇུས་ཡིན་པས། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོས་བློ་བརྟན་འགྱུར་མེད་ཀྱིས་བསམ་བློ་དེ་ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་དཔྱད་འཇོག་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་ནས། ངེས་ཤེས་དང་གྲ་སྒྲིག རྣམ་འགྱུར་དང་འགན་སྲུང་གནད་དུ་འཁེལ་བ་བྱས་ཏེ། ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་དུས་ལྟར་སྒྲིག་འཛུགས་བྱེད་པར་ཁག་ཐེག་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།