མཚོ་སྔོན་གྱིས་མི་10འཛིན་བཟུང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས1ཉིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་བསྒྲགས་པ་ལྟར་ན། ཉེན་རྟོག་ཕྱོགས་ཀྱིས་དྲ་རྒྱའི་རྣམ་པ་གསར་བའི་ནག་ཉེས་ཀྱི་དོགས་ཡོད་ཉེས་ཅན་མི་10འཛིན་བཟུང་བྱས་པ་དང་། ད་ལྟ་རྒྱལ་ཡོངས་ཀྱི་གློག་འཕྲིན་མགོ་སྐོར་གྱོད་དོན་50གཏོར་ཞིང་། གྱོད་དོན་དང་འབྲེལ་བའི་མ་དངུལ་སྒོར་ཁྲི་བརྒྱ་ལྷག་ལས་བརྒལ།

ད་ལོའི་ཟླ་7པར། གནོད་འཚེ་ཐེབས་མཁན་ལིའི་ཧྭ་ལ་མི་གཞན་གྱིས་དྲ་རྒྱའི་སྟེང་ནས་སྒོ་ཁྲི16གི་མགོ་བསྐོར་བཏང་། གྱོད་དོན་བྱུང་རྗེས་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་མཐོང་ཆེན་བྱས་པ་དང་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གིས་མྱུར་ཏུ་གྱོད་དོན་རྩད་གཅོད་བྱེད་དགོས་པའི་བླང་བྱ་བཏོན། བརྡ་འབྱོར་རྗེས། ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གིས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ལྟེ་གནས་ཀྱིས་སྟོབས་ཤུགས་ཡོད་རྒུས་གྱོད་དོན་རྩད་ཞིབ་བྱ་རྒྱུ་བཀོད་སྒྲིག་བྱས། ཉེན་རྟོག་པས་རྩད་ཞིབ་བྱས་ཏེ་མྱུལ་ཞིབ་ཚན་ཆུང་གིས་ཅང་སུའུ་ཞིང་ཆེན་དང་ཀོང་ཏུང་། ཅང་ཞི། ཀྲེ་ཅང་སོགས་ས་གནས་སུ་དྲ་རྒྱ་དང་འབྲེལ་བའི་རིམ་པ་མང་པོ་ནས་བདེན་དཔང་རྒྱུ་ཆ་བླངས་ནས་ནག་ཉེས་མཁན་གཙོ་བོ་རྩད་གཅོད་བྱས།

ཏག་ཏག་ཉིན་འགའི་སྔོན་དུ། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཅུའུ་ཡི་འབྲེལ་ཡོད་སྡེ་ཁག་དང་ཕྱིའི་ཉེན་རྟོག་ཕྱོགས་ཀྱི་མཐུན་སྦྱོར་འོག  ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གིས་དྲ་རྒྱའི་ནག་ཉེས་མཁན་སྐོར་ཞིག་འཛིན་བཟུང་བྱས་པ་དང་། དོགས་ཡོད་ཉེས་ཅན་གཙོ་བོ་མི10བཟུང་བ་མ་ཟད། གྱོད་གཞིར་འབྲེལ་བའི་ཁ་པར་180དང་། གློག་ཀླད15། རིགས་སོ་སོའི་གློག་རྡུལ་སྒྲིག་ཆས་སྒམ9རྩིས་ལེན་བྱས་པ་དང་། དྲ་རྒྱའི་ནག་ཉེས་བྱེད་ས་2གཏོར་བ་རེད། 

ལས་སྒྲུབ་ཉེན་རྟོག་པས་མཚམས་སྦྱོར་བྱས་པ་ལྟར་ན། གྱོད་དོན་དེ་ནི་མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་རྣམ་པ་གསར་བའི་གློག་འཕྲིན་དྲ་རྒྱའི་ནག་ཉེས་གཏོར་བ་ཐོག་མ་ཡིན་ཟེར། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།