ཨ་མྱེ་རྨ་ཆེན་གངས་རྒྱབ་ཀྱི་ཕྱུག་འགྱུར་ལམ་བུ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉི་འོད་ཨ་མྱེ་རྨ་ཆེན་གངས་རྩེར་བརྒྱབ་དུས་འཁྱགས་རོམ་སྟེང་འོད་ཟེར་ཆེམ་ཆེམ་འཕྲོ་ཞིང་། གངས་ཆུས་རྩྭ་ས་བརླན་པར་བྱས་ལ། རྫ་ཆུ་བསིལ་མ་རྒྱང་ལ་བཞུར་བཞིན་ཡོད། གསར་འགོད་པ་ཨ་མྱེས་རྨ་ཆེན་གངས་འདབས་ཀྱི་གངས་རི་ཡུལ་ཚོ་གཡོན་ཁོག་གྲོང་ཚོར་བསྐྱོད་ཅིང་། དེ་གར་འོ་འཁྱགས་བྱི་རིལ་བཟོ་གྲྭ་ཞིག་གིས་ཉིན་རེར་འོ་འཁྱགས་བྱི་རིལ་5000ལྷག་བཟོས་ནས་རྫོང་གྲོང་གི་ཚོང་ཁང་ཆེ་མ་ཆུང་གསུམ་ལ་སྐྱེལ་བཞིན་ཡོད། 

ཟླ་9ཚེས་1ཉིན། གངས་རི་ཡུལ་ཚོའི་གཡོན་ཁོག་གྲོང་ཚོ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དུ་ཆགས་ཡོད་པ་དང་། ཆ་སྙོམས་ཀྱི་རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་སྨི་4200ཡོད། དུས་རབས་20པའི་ལོ་རབས་70པར། གངས་རི་ཀུང་ཧྲེ་ནི་དེ་སྔོན་རྨ་ཆེན་རྫོང་གི་ཀུང་ཧྲེ་10ནང་གི་གཞུང་ལམ་མེད་པའི་ས་ཆ་གཅིག་པུ་དེ་ཡིན་པ་རེད། ད་ཆར། འདི་རུ་གྲོང་ཚོའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་བཏང་བ་བརྒྱུད། མགོ་ལོག་ཁུལ་གྱི་འོ་འཁྱགས་བྱི་རིལ་གྱི་བཟོ་གྲྭ་གཅིག་ཤོས་དེ་བཙུགས་པ་དང་། འབྲོག་པ་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐོན་ལས་བཟང་པོ་དེར་གྱུར་ཡོད། 

གངས་རི་ཞང་ལ་ཁོངས་གཏོགས་གྲོང་ཚོ་2དང་། རྩྭ་ར་སྤྱིའི་རྒྱ་ཁྱོན་ལ་མུའུ་ཁྲི་152.92ཡོད་ཅིང་། འབྲོག་ལས་རྐྱང་བའི་ཞང་ཞིག་རེད། ཞང་ཡོངས་ལ་འབྲོག་ཁྱིམ་594ཡོད་པ་དང་། སྤྱིའི་མི་འབོར་2029ཡོད། “གྲོང་ཚོའི་མི་ཚང་མས་རང་ཁྱིམ་གྱི་འོ་མས་འོ་འཁྱགས་བྱི་རིལ་བཟོ་ཆོག་པ་ཡིད་ལ་ཤར་མྱོང་མེད། ཧྲུའུ་ཅི་དང་པོས་འཁྱགས་པ་བྱི་རིལ་གྱི་བཟོ་གྲྭ་འཛུགས་རྒྱུའི་བསམ་འཆར་འདོན་དུས། ཐོག་མར་ལན་ཆ་སྤྲོད་མཁན་མང་པོ་མ་བྱུང་།”གངས་རི་ཞང་གཡོན་ཁོག་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་དོན་འགྲུབ་ཀྱིས་གསར་འགོད་པ་ལ་བཤད་དོན། འདས་ཟིན་པའི་ལོ་ཟླའི་ནང་། ཕྱུགས་རྫི་དང་དབྱར་རྩྭ་དགུན་འབུ་ནི་གྲོང་མི་ཚོའི་ཡོང་འབབ་ཀྱི་ཡོངས་ཁུངས་གཙོ་བོར་གྱུར་ཡོད། 

2018ལོའི་ཟླ་9པར། རིགས་པས་ཁུངས་སྐྱེལ་ཐེངས་མང་དང་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་བརྒྱུད། མགོ་ལོག་ཨ་མྱེས་རྨ་ཆེན་དཀར་ཆུའི་ཐོན་རྫས་ཚད་ཡོད་ཀུང་སི་གཡོན་ཁོག་གྲོང་ཚོར་བཙུགས་པ་རེད། “སྔོན་ལ་གངས་རི་ཞང་གཡས་ཁོག་དང་གཡོན་ཁོག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི་80བསྡུ་སྒྲིལ་བྱས་པ་དང་། དེ་ནས་ཞང་ཏང་ཨུད་དང་སྲིད་གཞུང་གིས་སླར་ཡང་སྒོར་ཁྲི་50རང་གྲབས་བྱས་པ་རེད།” ཅེས་གངས་རི་ཞང་གཡོན་ཁོག་གྲོང་ཚོའི་ཧྲུའུ་ཅི་དང་པོ་ངག་དབང་རྡོ་རྗེས་དེ་ལྟར་བཤད། ལོ་གཅིག་གི་རྗེས་སུ་ཁག་དང་པོའི་འོ་འཁྱགས་བྱི་རིལ་18ཕྱིར་བཏོན་དུས། ཐེངས་དང་པོར་འབྲི་འོའི་འཁྱགས་པ་བྱི་རིལ་གྱི་བྲོ་བ་མྱངས་པས་གྲོང་མི་རྣམས་ཀྱིས་འཁྱགས་པ་བྱི་རིལ་གྱི་བཟོ་གྲྭ་ཡག་པོར་སྤེལ་བའི་ཡིད་ཆེས་བརྟན་པོ་བྱུང་ཡོད།

མིག་སྔའི་བར། འོ་འཁྱགས་བྱི་རིལ་བཟོ་གྲྭའི་ལས་མི་12ནི་གངས་རི་ཞང་ནས་ཡིན་པ་དང་དེའི་ནང་དུད་ཚང་དབུལ་པོ་4ཡོད་པ་རེད། 2019ལོར་གངས་རི་ཞང་གཡོན་ཁོག་གྲོང་ཚོ་དང་གཡས་ཁོག་གྲོང་ཚོ་སོ་སོར་ཁེ་སྤོགས་སྒོར་5000རག་ཡོད། “གལ་ཏེ་གྲོང་ཚོའི་ནང་འཁྱགས་པ་བྱི་རིལ་བཟོ་གྲྭ་བཙུགས་མེད་ན། ང་ཕལ་ཆེར་ས་ཐག་རིང་ཞིག་ལ་ལས་ཀ་ཕྱིན་ཡོད་པས་ཕ་མ་དང་ཐུག་མི་ཐུབ།” ལོ་27ལ་སླེབས་པའི་དཔལ་ལྡན་མཚོ་ནི་གཡོན་ཁོག་གྲོང་ཚོའི་དུད་ཚང་དབུལ་པོ་ཞིག་རེད། མིག་སྔར་ཐོན་རྫས་ཀྱི་ཐུམ་སྒྲིལ་འགན་འཁུར་བ་དང་ཟླ་རེའི་གླ་ཕོགས་སྒོར་2500ལྷག་ཙམ་ཡོད།

2019ལོའི་ལོ་མཇུག་ཏུ། གངས་རི་ཞང་ཕྱོགས་ཡོངས་ནས་དབུལ་སྒྲོལ་ཐུབ་ཡོད། འབྲི་འོའི་འཁྱགས་པ་བྱི་རིལ་གྱི་བྲོ་བ་རྒན་གསོ་ཁང་དང་། བུ་བཅོལ་ཁང་། གྲོང་གསེབ་སློབ་ཆུང་སོགས་སུ་ཁྱབ་ཡོད། “‘བྲོ་བ་ཞིམ་པོའི་’ཐོན་ལས་དེས་གངས་རིའི་འདབས་ཀྱི་འབྲོག་པ་ཚོ་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་སྐྱེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།” ཅེས་དབང་ཕྱུག་རྡོ་རྗེས་བཤད།  །

2.jpg

3.jpg

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།