ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་དང་ཀྲུང་གོ་ཚན་རིག་གླིང་གཉིས་ཀྱིས་མ་དངུལ་སྒོར་ཁྲི2000བཏང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཆེད་དོན་དེ་ཀྲུང་གོའི་ཚན་རིག་གླིང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་དུ་འགོ་བརྩམས།
རྒྱུས་ལོན་པ་ལྟར་ན། མཉམ་འབྲེལ་ཞིབ་འཇུག་ཆེད་སྤྱོད་ཀྱིས་མཚོ་བོད་མཐོ་སྒང་ས་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་གནས་པའི་ཚན་རྩལ་དགོས་མཁོའི་གནད་དོན་ཐག་གཅོད་བྱེད་པ་དང་། ཇི་ལྟར་རྒྱལ་ཁབ་སྤྱི་གླིང་གི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གསར་འཛུགས་བྱེད་པ་དང་། ཇི་ལྟར་མཚོ་བོད་མཐོ་སྒང་གི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཞན་པའི་བདེན་དངོས་རང་བཞིན་དང་ཁ་ཚང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་དེ་ཡིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་དང་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་ལག་རྩལ་གྱི་རྣམ་པར་ཞིབ་འཇུག་བྱས་ཏེ།རྒྱལ་ཁབ་སྤྱི་གླིང་ཐོན་ཁུངས་ཁོར་ཡུག་གི་འདེགས་ཤུགས་དཔྱད་འཇོག་བྱེད་ཐབས་སྒྲིག་འཛུགས་བྱེད་པ་དང་། དམངས་ཚིས་འགན་སྲུང་ལག་རྩལ་དང་རྩྭ་ས་ཞན་འགྱུར་སླར་གསོའི་དཔེ་སྟོན་ལག་རྩལ་ཞིབ་འཇུག དེ་མིན་སྐྱེ་ཁམས་ཁ་གསབ་སྒྲིག་སྲོལ་དང་རྒྱལ་ཁབ་སྤྱི་གླིང་དོ་དམ་གྱི་ཡུན་ཕན་སྒྲིག་སྲོལ་སོགས་ལ་ཞིབ་འཇུག་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་ལག་རྩལ་གྱི་འགན་སྲུང་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་ཚན་རྩལ་གཞོགས་འདེགས་མ་ལག་འཛུགས་སྐྲུན་བྱེད་པར་དཔེ་སྟོན་མཁོ་འདོན་བྱེད་པ་ཡིན།
སྐོར་འདིའི་མཉམ་འབྲེལ་ཞིབ་འཇུག་གི་ཆེད་སྤྱོད་ལ་ལས་གཞི11བགོས་ཡོད་ཅིང་། སོ་སོར་ཀྲུང་གོ་ཚན་རིག་གླིང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་གླིང་དང་། ཀྲུང་གོ་ཚན་རིག་གླིང་སློབ་ཆེན། ཆིན་ཧྭ་སློབ་ཆེན། ཀྲུང་གོ་ཚན་རིག་གླིང་སྐྱེ་ཁམས་ཁོར་ཡུག་ཞིབ་འཇུག་ལྟེ་གནས། ཀྲུང་གོ་ཚན་རིག་གླིང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་། ཀྲུང་གོ་ཚན་རིག་གླིང་ཆུ་བེད་པུའུ་ཁྲིན་ཏུའུ་ས་གཤིས་གནོད་འཚེ་དང་ཁོར་ཡུག་ཞིབ་འཇུག་ཁང་དང་། ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་ཁང་བཅས་ཀྱིས་འགན་བླངས་ཡོད། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་དང་ཀྲུང་གོ་ཚན་རིག་གླིང་གཉིས་ཀྱིས་མཉམ་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་མཉམ་འབྲེལ་ཞིབ་འཇུག་བྱེད་འགོ་བརྩམས།