མཚོ་སྔོན་ཞིང་ཆེན་གྱིས་དམངས་དོན་ཁྲིམས་གཞུང་སྒྲོག་བཤད་ཚོགས་པ་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས31ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་དོན་ཁྲིམས་གཞུང་ཁྱབ་གདལ་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱ་ཆེད། སྤྱི་ཚོགས་ཀྱི་ཐོན་ཁུངས་སྡེབ་སྒྲིག་དང་། ཆེད་མཁས་པ་དང་ཁྲིམས་ལུགས་རིག་པའི་ལས་སྒྲུབ་པའི་སྤུས་ཚད་དང་ལག་ལེན་གྱི་དགེ་མཚན་འདོན་སྤེལ་བྱས་ནས། དམངས་དོན་ཁྲིམས་གཞུང་ཁྱབ་གདལ་རྒྱ་ཆེར་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་དམངས་ཡོངས་ཀྱི་བཅའ་ཁྲིམས་བརྩི་སྲུང་དང་བཅའ་ཁྲིམས་བེད་སྤྱོད་ཀྱི་ཁོར་ཡུག་ལེགས་པོ་གསར་སྐྲུན་བྱ་ཆེད། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་བྱེད་པའི་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ཁྱབ་གདལ་མཐུན་སྦྱོར་ཚན་ཆུང་དང་། ཞིང་ཆེན་ཁྲིམས་འཛིན་ཐིན་བཅས་ཀྱིས་མཉམ་འབྲེལ་སྒོས་བརྡ་སྦྱོར་སྤེལ་ཏེ། མཚོ་སྔོན་ཞིང་ཆེན་དམངས་དོན་ཁྲིམས་གཞུང་སྒྲོག་བཤད་ཚོགས་པ་བཙུགས།

སྒྲོག་བཤད་ཚོགས་པས་ཁྲིམས་སྐྱོང་བཞུགས་མོལ་དང་ཁྲིམས་སྐྱོང་གསོ་སྦྱོང་། བཞུགས་མོལ་བགྲོ་གླེང་། ཆེད་དོན་སྙན་ཞུ་ཚོགས་པ་སོགས་ཀྱི་རྣམ་པས་དམངས་དོན་ཁྲིམས་གཞུང་གི་དོན་སྙིང་དང་། གཙོ་གནད་གནད་དོན། རྩ་བའི་རྩ་དོན། རྩ་བའི་བླང་བྱ་སོགས་ཀྱི་ཐད་ནས་དག་སྒྲིག་བྱས་པ་དང་། གྲོང་ཁྱེར་དང་ཁུལ། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རྫོང་དང་ཤང་སོགས་སུ་སོང་ནས་སྒྲོག་བཤད་བྱ་འགུལ་སྤེལ་ཏེ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དམངས་དོན་ཁྲིམས་གཞུང་ལ་སློབ་སྦྱོང་བྱེད་པ་དང་། དམངས་དོན་ཁྲིམས་གཞུང་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་གདལ་དུ་གཏོང་བར་སྐུལ་འདེད་བཏང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་གྱི་གཅིག་གྱུར་བཀོད་སྒྲིག་ལྟར། ལོ་རེར་གཅིག་བསྡུས་སྒོས་སྒྲོག་བཤད་བྱ་འགུལ་མ་མཐའ་ཡང་ཐེངས་གཅིག་རེ་སྤེལ་ནས། དམངས་དོན་ཁྲིམས་གཞུང་གི་དྲིལ་སྒྲོག་སློབ་གསོ་དེ་ཞིང་ཆེན་དང་། གྲོང་ཁྱེར་དང་ཁུལ། རྫོང་། ཤང་དང་གྲོང་རྡལ། སྡེ་བ་སོགས་རིམ་པ་ལྔར་ཁེབས་སུ་འཇུག་པ་མངོན་འགྱུར་བྱུང་ནས། ཁྱོན་ཡོངས་ནས་དམངས་དོན་ཁྲིམས་གཞུང་གི་དྲིལ་སྒྲོག་སློབ་གསོའི་ཁེབས་ཚད་དང་ཤེས་རྟོགས་བྱེད་ཚད་མཐོ་རུ་གཏོང་བར་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།