སྨྱན་སྦྱོར་ལས་རིགས་གསར་གཏོད་འགྲན་བསྡུར་ཆེན་མོའི་འགྲན་བསྡུར་མ་བྱས་སྔོན་གྱི་གསོ་སྦྱོང་འཛིན་གྲྭ་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས30ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་། མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་། མཚོ་ཤར་རྨ་ཙོང་ཁུལ་གསར་དོ་དམ་ཨུ་ལྷན་བཅས་ཀྱིས་གཙོ་སྒྲུབ་དང་། མཚོ་ཤར་གྲོང་ཁྱེར་ཚོང་དོན་ཅུའུ་དང་མཚོ་སྔོན་ཀྲུང་ཀོན་གྲོང་ཚོའི་ལག་རྩལ་ཐོན་ལས་རྟེན་གཞིས་འགན་སྒྲུབ་གནང་བའི་མཚོ་སྔོན་གྱི་སྐྱེ་ཁམས་(ཐོན་ལས)དངོས་མང་འགྲེམས་ཚོགས་དང་བོད་རུམ་འགྲེམས་སྟོན་གྱི་སྨྱན་སྦྱོར་ལས་རིགས་གསར་གཏོད་འགྲན་བསྡུར་ཆེན་མོའི་འགྲན་བསྡུར་མ་བྱས་སྔོན་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་རྩོམ་པའི་མཛད་སྒོ་མཚོ་ཤར་ཚན་རྩལ་གླིང་དུ་ཚོགས་པ་རེད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་ཁག་གི་བདམས་ཐོན་མི་སྣ71གསོ་སྦྱོང་ནང་ཞུགས་ཡོད་པ་རེད། 

སྨྱན་སྦྱོར་ལས་རིགས་གསར་གཏོད་ནི་སྤོ་སྒུལ་དྲ་སྦྲེལ་དུས་རབས་ཀྱི་ལས་རྣམ་གསར་པའི་ལས་རིགས་གསར་གཏོད་ཀྱི་རྣམ་པ་ཞིག་རེད། དེ་ནི་མིག་སྔའི་ལས་རིགས་གསར་གཏོད་ཀྱི་ཁ་ཕྱོགས་གསལ་པོ་ཞིག་ཡིན་པས། ཐེངས་འདིའི་གསོ་སྦྱོང་དེ་སྨྱན་སྦྱོར་ལས་རིགས་གསར་གཏོད་ཀྱི་ལས་རིགས་ཀྱི་འཕེལ་ཕྱོགས་ལ་གཞི་བཙུགས་ཡོད་པ་དང་། དེའི་དམིགས་ཡུལ་ནི་མཚོ་སྔོན་ཞིང་ཆེན་ལ་ཤེས་ལྡན་མི་སྣ་གསར་པ་སྐྱེད་སྲིང་དང་། ནང་དོན་གསར་པ་གསར་གཏོད། ཚོང་གཉེར་གསར་པ་གསར་གཏོད་བཅས་བྱེད་ཆེད་རེད། རྨ་ཙོང་ཁུལ་གསར་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་སློབ་འགོ་རྩོམ་པའི་མཛད་སྒོའི་ཐོག་སློབ་མ་ཚོར་བཤད་རྒྱུར། གསོ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་བྱེད་དགོས། ད་ཐེངས་ཀྱི་གསོ་སྦྱོང་འདི་ནི་འགོ་འཛུགས་ས་གསར་པར་བྱས་ནས། མཛེས་སྡུག་ལྡན་པའི་མཚོ་སྔོན་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ཏེ་རང་ཉིད་ཀྱི་པར་ཆས་ལ་བརྟེན་ནས་སྔར་ལས་རྒྱ་ཆེ་བའི་སྟེགས་བུ་དང་ཡིད་འགུག་ནུས་པ་ལྡན་པའི་ནང་དོན་གྱིས་མཚོ་སྔོན་གྱི་ཡིད་དབང་འཕྲོག་ཤུགས་ཁྱབ་སྤེལ་དང་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་བཤད་པ། མི་ཚང་མ་མཚོ་སྔོན་གྱི་ཐོན་རྫས་འོས་སྦྱོར་བྱེད་མཁན་ཏུ་འགྱུར་བ་དང་། མཚོ་སྔོན་གྱི་ཐོན་རྫས་མཚོ་སྔོན་ནས་ཕྱིར་འཚོང་བྱེད་པར་སྐུལ་འདེད་གཏོང་བ་དང་མཚོ་སྔོན་ལ་སྔར་བས་ཤེས་རྟོགས་འབྱུང་བར་རོགས་རམ་བྱེད་དགོས་པའི་སྐུལ་མ་གནང་བ་མ་ཟད། མཚོ་ཤར་ཚན་རྩལ་གླིང་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་སྐབས་འདིའི་སྨྱན་སྦྱོར་ལས་རིགས་གསར་གཏོད་འགྲན་བསྡུར་ཆེན་མོའི་འགྲན་ཞུགས་པ་དང་། ནང་དོན། འགྲན་བསྡུར་ཆེན་མོ་བཅས་ཀྱི་ལག་བསྟར་ཇུས་གཞི་སྒྲོག་འགྲེལ་བྱས་པ་རེད།

  ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་མཚོ་སྔོན་གྱི་སྐྱེ་ཁམས(ཐོན་ལས)དངོས་མང་འགྲེམ་ཚོགས་དང་བོད་རུམ་འགྲེམས་སྟོན་དེ་སྨྱན་སྦྱོར་ལས་རིགས་གསར་གཏོད་འགྲན་བསྡུར་ཆེན་མོའི་ཐོག་མའི་འགྲན་བསྡུར་དང་། བསྐྱར་འགྲན། རྟིང་རྩོད་བཅས་དུས་མཚམས3བརྒྱུད་ནས་རིམ་པ་བཞིན་འདེམས་སྒྲུག་བྱ་རྒྱུ་རེད། མཐར་ཐོན་རྫས་འགྲེམས་སྟོན་ཡག་ཤོས་ཀྱི་བྱ་དགའ་དང་། པར་ལེན་ཡག་ཤོས་ཀྱི་བྱ་དགའ། རིག་གནས་མ་དཔེ་གསར་གཏོད་བྱ་དགའ། དྲ་རྒྱའི་མི་གཡང་མཐོ་བའི་བྱ་དགའ། བརྙན་རིས་སྒྲིག་སྦྱོར་ཡག་ཤོས་ཀྱི་བྱ་དགའ་བཅས་དཔྱད་འདེམས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།