སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་མང་ཚོགས་ཁྲོད་ཚུར་སྣང་ཆེན་པོ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ཟླ8པའི་ཚེས་28ཉིན་ནས་ཚེས་29ཉིན་བར་པེ་ཅིན་དུ་བསྡུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་བོད་ལྗོངས་བྱ་བར་འཕྲད་པའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་ཟབ་མོ་བྱས་པ་དང་། ཁྱོན་ཡོངས་ནས་དུས་རབས་གསར་བའི་ཏང་གི་བོད་ལྗོངས་བཅོས་སྐྱོང་བྱེད་པའི་འཐབ་ཇུས་དང་བྱེད་ཕྱོགས་ཞིབ་བརྗོད་བྱས་པའི་དུས་མཚུངས་སུ། སི་ཁྲོན་དང་ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ཞིང་ཆེན་བཞིའི་བོད་དང་འབྲེལ་བའི་བྱ་བར་བཀོད་སྒྲིག་བྱས་ཤིང་། དེར་ཆབ་སྲིད་རང་བཞིན་དང་།བསམ་བློ་རང་བཞིན། གཞུང་ལུགས་རང་བཞིན་ལྡན་པས། དུས་རབས་གསར་བའི་བོད་ལྗོངས་བྱ་བའི་རྩ་གནད་རང་བཞིན་གྱི་ཡིག་ཚང་ཞིག་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ཆེན་པོ་བྱུང་ལ། ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་པའི་ཆ་ནས་སློབ་སྦྱོང་གཏིང་ཟབ་བྱེད་དགོས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་ངོས་ཟིན་ཟབ་མོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ནས། བྱ་བར་སྐུལ་འདེད་བྱེད་པའི་སྒུལ་ཤུགས་སུ་བསྒྱུར་བ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་གཏན་འཇགས་ཡོང་བའི་རྣམ་པ་གསར་བ་གསར་སྐྲུན་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས་ཚུལ་བསྟན།

ཁྱོན་ཡོངས་ནས་དུས་རབས་གསར་བའི་བོད་ལྗོངས་བཅོས་སྐྱོང་བྱེད་པའི་འཐབ་ཇུས་ལག་ལེན་དོན་འཁྱོལ་བྱས་པ།

ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་འགོ་ཁྲིད་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྒྲིག་སྲོལ། མི་རིགས་ས་ཁོངས་རང་སྐྱོང་སྒྲིག་སྲོལ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ངེས་པར་དུ་རྒྱལ་ཁབ་བཅོས་སྐྱོང་བྱེད་ན་མཐའ་མཚམས་བཅོས་སྐྱོང་བྱེད་དགོས་པ་དང་། མཐའ་མཚམས་བཅོས་སྐྱོང་བྱེད་ན་བོད་ལྗོངས་གཏན་འཇགས་ཡོང་བའི་འཐབ་ཇུས་བསམ་བློ་རྒྱུན་འཁྱོངས་བྱེད་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་དེ་བོད་ལྗོངས་བྱ་བའི་གཞི་འབབ་སར་བཟུང་ནས། ངེས་པར་དུ་ཁྲིམས་ལྟར་བོད་ལྗོངས་བཅོས་སྐྱོང་དང་། དུས་ཡུན་རིང་བོར་བོད་ལྗོངས་འཛུགས་སྐྲུན་བྱེད་པ། མི་སེམས་གཅིག་སྒྲིལ་དང་།རྨང་གཞི་སྲ་བརྟན་དུ་གཏོང་བའི་རྩ་དོན་གལ་ཆེན་རྒྱུན་འཁྱོངས་བྱེད་དགོས། གནས་བབ་གསར་བ་དང་ལས་འགན་ལགསར་བར་གདོང་གཏད་དེ་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངེས་པར་དུ་དུས་རབས་གསར་བའི་ཏང་གི་བོད་ལྗོངས་བཅོས་སྐྱོང་གི་འཐབ་ཇུས་ལག་ལེན་དོན་འཁྱོལ་བྱེད་དགོས་ཞེས་བསྟན།  

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཝན་ཕའེ་ལ་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོའི་བོད་དང་འབྲེལ་བའི་ཁུལ་དང་རྫོང་གི་སློབ་གསོ་བྱ་བར་རྩ་གནད་གལ་ཆེན་མཁོ་འདོན་བྱས་ཤིང་། ང་ཚོས་ལོ་རེར་ཁྲི་ཀ་རྫོང་གི་དམའ་འབྲིང་སློབ་མ་རྩ་འཛུགས་བྱས་ཏེ་སློབ་ཁྲིད་ཞིབ་འཇུག་གི་བྱ་འགུལ་སྤེལ་བ་དང་། མེས་རྒྱལ་གྱི་རི་ཆུར་མྱོང་རོལ་བྱས་པའི་དུས་མཚུངས་སུ། བྱིས་པ་ཚོར་ལོ་རྒྱུས་ཡིད་ལ་བཟུང་ནས་མེས་རྒྱལ་ལ་དགའ་ཞེན་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྒྲིག་སྲོལ་ལ་དགའ་བ། ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་ཡོད་པར་བྱས། རྗེས་ཕྱོགས་སུ། ང་ཚོས་མུ་མཐུད་དུ་གྲོང་ཁྱེར་དང་ཤང་གྲོང་གཅིག་གྱུར་གྱི་སློབ་གསོའི་ཐོན་ཁུངས་དང་། སློབ་གསོའི་དོ་མཉམ་འཕེལ་རྒྱས་དང་སློབ་མ་ཁྱོན་ཡོངས་གནས་འཕེལ་རྒྱས་སུ་གཏོང་བ་དེ་དམིགས་སར་བཟུང་ཏེ། སློབ་གསོའི་རྨང་གཞི་སྒྲིག་ཆས་དམ་འཛིན་དང་སློབ་གསོའི་སློབ་ཁྲིད་ཀྱི་སྤུས་ཚད་གཙིགས་སུ་བཟུང་སྟེ། རྫོང་ཡོངས་ཀྱི་སློབ་གསོའི་ལས་དོན་བདེ་ཐང་དང་གཅིག་གྱུར། མཐུན་སྦྱོར།  རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་བྱེད་རྒྱུ་ཡིན་ཞེས་བསྟན། 

མཇུག་སྒྲིལ་མ་ཐག་པའི་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ནི་ང་ཚོའི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་ཞིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་སྒྲོལ་མ་དོན་གྲུབ་ཀྱིས་གསར་འགྱུར་ཚིག་གཅིག་རེ་བྱས་ཏེ་བཏོན་ནས་སེམས་སུ་དགའ་སྤྲོ་ཚད་མེད་སྐྱེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོའི་བྱ་བར་བླང་བྱ་དང་བྱེ་བྲག་གི་ལས་འགན་གལ་ཆེན་བཏོན། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ངེས་པར་དུ་བོད་ལྗོངས་ཀྱི་སྙིང་སྟོབས་མངོན་པ་དང་། མུ་མཐུད་དུ་འགན་འཁྲི་དང་ནུས་ཤུགས་མཐོར་འདེགས་སུ་བཏང་ནས། སྤྱོད་སྟངས་སྦྱོང་བརྡར་བྱས་ཏེ་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ཀྱི་བྱ་བ་སོ་སོར་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

མགྱོགས་མྱུར་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་དོན་འཁྱོལ་དང་དོ་མི་མཉམ་པའི་གནད་དོན་ལ་དམིགས་ཏེ། འཕེལ་རྒྱས་ཀྱི་རྣམ་པས་རྒྱུ་རྐྱེན་དང་སྒྲིག་ཆས་འཛུགས་སྐྲུན་གཞོགས་འདེགས་སུ་བྱས་ཏེ། སྒྲིག་སྲོལ་གྱི་འགན་སྲུང་དང་གཅིག་གྱུར་འཆར་འགོད། རིགས་དབྱེ་ཐབས་ཇུས་ལག་བསྟར། གནད་འཁེལ་ཤུགས་འདོན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་མཁར་དམར་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་རུའུ་དབྱི་ཡིས་བཤད་རྒྱུར། བོད་དང་འབྲེལ་བའི་ཁུལ་དང་རྫོང་གི་གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ང་ཚོ་གཞི་རིམ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་བ་བྱུང་ཞིང་། ཐེངས་འདིའི་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་སྲིད་ཇུས་མང་པོ་ཇེ་གསལ་དུ་བཏང་བ་དང་། ང་ཚོའི་རྗེས་ཕྱོགས་ཀྱི་འཚོ་བ་སྔར་ལས་བཟང་བར་ཡིད་ཆེས་ཀྱིས་ཁེངས་པར་བདེན་དཔང་བྱས། རྗེས་ཕྱོགས་སུ་ང་ཚོས་མཁར་དམར་གྲོང་རྡལ་གྱི་དོན་དངོས་དང་ཟུང་འབྲེལ་སྒོས། གནས་ཚད་ཀྱི་དགེ་མཚན་འདོན་སྤེལ་དང་། ཧུར་ཐག་སྒོས་དར་གོས་ཚོང་ལམ་གྱི་རིག་གནས་དང་། ཆེས་མཛེས་པའི་རྩྭ་ཐང་རིག་གནས། གསར་བརྗེ་རིག་གནས། སྐྱེ་ཁམས་དམངས་སྲོལ་རིག་གནས་སོགས་གཞི་གཅིག་ཅན་གྱི་གནས་སྐོར་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མཁར་དམར་གྲོང་རྡལ་དེ་མཚོ་བོད་མཐོ་སྒང་གི་ཆེས་མཛེས་པའི་མཁར་གྲོང་དང་ཁྱད་ཆོས་ལྡན་པའི་མཚོ་སྔོན་གྱི་བྱང་གི་སྒོ་ཆེན་དུ་གསར་སྐྲུན་བྱེད་དགོས་ཟེར། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་སེམས་འགུལ་བའི་གསུང་བཤད་གལ་ཆེན་ལ་ཉན་རྗེས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གཟུགས་འདས་ཤུལ་བཞག་རྒྱུན་འཛིན་པ། ལག་ཤེས་བཟོ་རྩལ་བ་སྐལ་བཟང་རྒྱ་མཚོས་བསྟན་དོན། ”ལོ་འདི་འགར། ང་ཚོ་ཐུན་རིན་གྱི་ཕྱོགས་སོ་སོར་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཡར་རྐ་ནས་ཐུན་རིན་བར་གྱི་གཞུང་ལམ་ཤར་གཏོང་བྱས་ཤིང་། ཏག་ཏག་ཉིན་འགའི་སྔོན་ལ་ཐུན་རིན་དེ་རྫོང་ནས་གྲོང་ཁྱེར་དུ་བསྒྱུར། ང་ལ་ཡིད་ཆེས་ཤིག་ཡོད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སོ་སོའི་ཉི་འོད་དང་འདྲ་བའི་དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག  ཕ་ཡུལ་གྱི་མ་འོངས་སྔར་ལས་མཛེས།“ གསར་རྩོམ་ལ་འབད་འབུངས་བྱས་ཏེ། རེབ་གོང་རིག་གནས་རྒྱུན་འཛིན་དང་སྔོག་འདོན་བྱས་ཏེ། ཁྱད་ལྡན་རིག་གནས་དར་སྤེལ་དང་འཕེལ་རྒྱས་ཐད་སེམས་ཤུགས་ཕུལ་རྒྱུ་མ་ཟད། བརྩེ་སེམས་དང་སྤྱི་ཕན་བྱ་འགུལ་བྱ་བ་ལེགས་པོར་སྒྲུབ་ནས། ཐུན་རིན་གཏན་འཇགས་འཆམ་མཐུན་ཡོང་བར་བྱས་རྗེས་འཇོག་རྒྱུ་ཡིན་ཚུལ་བསྟན།  

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་འབུར་ཐོན་གྱི་གོ་གནས་སུ་བཞག་པ།

མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་སྡོད་དང་འཕེལ་རྒྱས་ཀྱི་བྱས་རྗེས་ཆེ་ཤོས་དེ་ཡིན་ཞིང་། རི་ལྗང་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། ལོ་རྒྱུས་ལ་འགན་ཁུར་བ་དང་། མི་དམངས་ལ་འགན་ཁུར་བ། འཛམ་གླིང་ལ་འགན་ཁུར་བ་རྒྱུན་འཁྱོངས་བྱེད་པའི་རྣམ་འགྱུར་གྱིས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་འབུར་ཐོན་གྱི་གོ་གནས་སུ་བཟུང་ནས། མཐོ་སྒང་གི་རྩྭ་རྩི་ཤིང་དང་རི་ཆུ་བརྟན་སྲུང་བྱས་ཏེ། མཐོ་སྒང་ནི་རྒྱལ་ཡོངས་དང་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་གཤིན་ས་ཞིག་ཏུ་གསར་སྐྲུན་བྱེད་དགོས། 

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་བཟའ་བཏུང་ཁའོ་ཡི་འགོ་གཙོ་བསོད་ནམས་སྟོབས་ལྡན་གྱིས་བསྟན་དོན། ཡུས་ཧྲུའུ་ཁུལ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཁུལ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་དཀྱིལ་སྙིང་དུ་ཡོད་པས། ང་ཚོས་ལས་གནས་ལ་རྐང་བཙུགས་ནས་ཡུས་ཧྲུའུ་ཡི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་དམ་འཛིན་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་རིམ་བཞིན་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། རི་ལྗང་ཆུ་དྭངས་ཀྱི་བཟོ་སྐྲུན་ལ་བརྟེན་ནས། ཡུས་ཧྲུའུ་ཡི་རྩྭ་རྩི་ཤིང་གི་སྔོ་ཤུན་ཁེབས་ཚད་མཐོ་རུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དེ་དམངས་འཚོ་་ལེགས་བཅོས་དང་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་སྟེ། སྔོ་ལྗང་དེ་ཡུས་ཧྲུའུ་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་འགྱུར་བར་བྱེད་དགོས་ཞེས་བསྟན། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནི་ང་ཚོའི་སེམས་གཏམ་ཡིན་ཞེས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་རི་བོ་གྲོང་རྡལ་འབྲི་ཆུ་འགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་དབང་མོས་ཚོགས་འདུའི་ནང་དོན་ལ་དོ་ཁུར་ཚད་མེད་བྱས། ཁོས་བཤད་རྒྱུར། སྐྱེ་ཁམས་གནས་སྤོར་སྡེ་བ་ཞིག་ཡིན་པའི་ཆ་ནས། གདང་ལ་རི་བོའི་གྲོང་རྡལ་གྱི་དུད་ཁྱིམ128ཡི་མང་ཚོགས་407ཡིས་རྒྱལ་ཁབ་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་སྲིད་ཇུས་དོན་འཁྱོལ་བྱས་ཏེ་གཅིག་བསྡུས་སྒོས་གནས་སྤར། “ང་ཚོས་མཐོ་སྒང་གི་སྐྱེ་དངོས་དང་རི་ཆུ་བདག་སྐྱོང་བཟང་བོ་བྱས་ཏེ། མཚོ་བོད་མཐོ་སྒང་དེ་རྒྱལ་ཡོངས་དང་འཛམ་གླིང་གི་སྐྱེ་ཁམས་དཔལ་ཡོན་གྱི་གཤིན་ས་ཞིག་ཏུ་གསར་སྐྲུན་བྱེད་པར་བྱས་རྗེས་འཇོག་རྒྱུ་ཡིན”ཟེར། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།