མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧྲི་ཕེ་ཅུན་གྱི་རྒྱལ་སྤྱིའི་མཉམ་ལས་ཞིབ་འཇུག་ཚོགས་པས་བྲིས་པའི་རྩོམ་ཡིག་རྒྱལ་སྤྱིའི་རྩེར་སོན་རིག་གཞུང་དུས་དེབ《རང་བྱུང》ཐོག་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས27ཉིན། རྒྱལ་སྤྱིའི་དུས་དེབ་གྲགས་ཅན《རང་བྱུང》(Nature)གིས་དེབ་584པའི(Vol 584)ཐོག་ཤོག་ངོས4ཡི517པ་ནས་520པའི་བར)ཐོག་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧྲི་ཕེ་ཅུན་གྱི་རྒྱལ་སྤྱིའི་མཉམ་ལས་ཞིབ་འཇུག་ཚོགས་པས་བྲིས་པའི“གྲོང་ཁྱེར་གྱིས་དྲ་རྒྱ་གསར་འཛུགས་དང་མཉམ་སྤྱོད་འཆར་འགོད་བྱས་ནས་གནོད་འཚེ་ཚབས་ཆེན་གྱི་འཕྲལ་བསྟུན་ནུས་པར་ཤུགས་སྣོན་རྒྱག་དགོས”ཞེས་པའི་རྩོམ་ཡིག་སྤེལ་འདུག མཚོ་སྔོན་དགེ་འོས་སློབ་ཆེན་དེ་འགྲེམས་སྤེལ་མཁན་གྱི་ལས་ཁུངས་ཡིན་པའི་ཆ་ནས་གཟི་བརྗིད་མཚན་བྱང་དུ་བཀོད་ཡོད། འདི་ནི་མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་རིག་གཞུང་ཞིབ་འཇུག་ཐད་ཀྱི་ཐོལ་བརྒལ་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱིས་འབྲེལ་ཡོད་ཚན་ཞིབ་ཁྱབ་ཁོངས་སུ་ཐོབ་པའི་ཐོལ་བརྒལ་གལ་ཆེན་ཞིག་ཀྱང་རེད། 

རྩོམ་ཡིག་གིས་བསྟན་དོན། མི་རྣམས་ཀྱིས་གོ་ལ་ཧྲིལ་པོ་དང་ཀྲུང་གོའི་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཉམས་མྱོང་དང་བསླབ་བྱའི་ཁྲོད་གནོད་འཚེ་ཚབས་ཆེན་ལ་ཁ་གཏོད་པའི་རྣམ་པ་བསྒྱུར་བར་སྐུལ་འདེད་གཏོང་གིན་ཡོད། གྲོང་ཁྱེར་གྱིས་དོ་དམ་དང་འཁོར་སྐྱོད་བྱེད་སྟངས་ལ་ཕྱོགས་ཡོངས་ནས་བསམ་ཞིབ་བྱ་དགོས་ལ། དོ་དམ་གྱི་འགོ་ཁྲིད་ནུས་པ་དང་འཕྲོད་བསྟེན་བདེ་སྲུང་གི་མ་ལག་ལ་ཤུགས་སྣོན་དང་འབྲེལ་གཏུག་བྱེད་སྟངས་ལེགས་བཅོས་བྱས་ཏེ། ས་གནས་དེ་གར་འབྲུ་རིགས་དང་ཚོང་ཟོག ཞབས་ཞུ་བཅས་སྔར་ལས་མང་པོ་རེག་ནས་རང་བྱུང་ཁམས་ལ་བརྩི་འཇོག་དང་འདྲ་མཉམ་མིན་པ་མེད་པར་བཟོ་དགོས།  བྱ་སྤྱོད་ཡོད་ཚད་ཀྱི་ཁྲོད་ཆེས་གལ་ཆེ་བ་ནི་གྲོང་ཁྱེར་ནང་ཁུལ་དང་གྲོང་ཁྱེར་བར་གྱི་དྲ་བ་ཅན་དུ་བསྒྱུར་བའི་བྱེད་ནུས་ཀྱི་མཉེན་གཤིས་ལ་ཤུགས་སྣོན་དང་རྒྱ་བསྐྱེད་དེ་གྲོང་ཁྱེར་ས་ཁུལ་ལ་མ་འོངས་པའི་རིམས་ནད་ཆེན་པོ་དང་གནམ་གཤིས་འགྱུར་ལྡོག་སོགས་ཉམས་ཉེན་གཞན་དག་ལ་ཁ་གཏད་གཅོག་པའི་ནུས་པ་སྔར་ལས་ཆེ་བ་ལྡན་པར་བྱ་རྒྱུ་དེ་རེད། ད་ཡོད་ཀྱི་འབྲེལ་བ་བརྒྱུད་ན། གྲོང་ཁྱེར་གྱིས་གནོད་འཚེ་གཞན་སླེབས་སྐབས་སྔར་བས་མགྱོགས་མྱུར་ངང་ཁ་གཏོད་ཐུབ་པ་མ་ཟད། གྲོང་ཁྱེར་གཞན་དག་ལ་རོགས་རམ་བྱེད་ནུས་ལ་གྲོང་ཁྱེར་གཞན་གྱི་རོགས་རམ་དང་ལེན་བྱེད་པའི་ནུས་པའང་ལྡན་ཡོད།  

《རང་བྱུང》(Nature)ནི་འཛམ་གླིང་ཐོག་དབང་གྲགས་ཆེ་ཤོས་ཀྱི་ཚན་རིག་དུས་དེབ་ཅིག་རེད། དུས་དེབ་དེའི་ཐོག་ཚན་རིག་གི་ཤེས་རྟོགས་གལ་ཆེན་དང་ཐོལ་བརྒལ་གལ་ཆེན་གྱི་གནས་ཚུལ་བཀོད་ཡོད། ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་དུས་དེབ་མང་པོའི་ཁྲོད《རང་བྱུང》དུས་དེབ་ཀྱི་བེད་སྤྱོད་བྱེད་གྲངས་ནི་འཛམ་གླིང་གི་ཨང་དང་པོ་རེད། དུས་མཚུངས་སུ《རང་བྱུང》དུས་དེབ་ཀྱིས་དུས་ཐོག་དང་དབང་གྲགས་རང་བཞིན། དོན་སྙིང་ལྡན་པའི་གསར་འགྱུར་མཁོ་འདོན་བྱེད་ལ། ཚན་རིག་དང་ཚན་རིག་པ། སྤྱི་དམངས་བཅས་ལ་ཤུགས་རྐྱེན་ཐེབས་པའི་ཆེད་དོན་དང་འབྱུང་འགྱུར་གྱི་འཕེལ་ཕྱོགས་ལ་དབྱེ་ཞིབ་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།