མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱ་འགུལ་སྤེལ་ས་ནས་བདེ་ཐང་སློབ་གསོའི་དྲིལ་སྒྲོག་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དུ་བདེ་ཐང་སློབ་གསོ་དགོན་སྡེར་བསྐྱོད་པའི་སྐུལ་སློང་ཚོགས་ཆེན་བསྡུས་པ་དང་། ཚོགས་ཐོག་ཏུ་ཆེད་མཁས་པ་གདན་དྲངས་ནས་གོ་སླ་བའི་སྒོ་ནས་གྲྭ་བཙུན་རྣམས་ལ་བདེ་ཐང་སློབ་གསོའི་གལ་ཆེན་རང་བཞིན་དང་ཉིན་རྒྱུན་གྱི་འཕྲོད་བསྟེན་བདེ་སྲུང་ཤེས་བྱ་སློབ་ཁྲིད་བྱས་པ་མ་ཟད། དྲིལ་སྒྲོག་རྒྱུ་ཆ་དང་འཕྲོད་བསྟེན་སྤྱོད་ཆས་སོགས་བྱིན་པར་རྒྱ་ཆེའི་གྲྭ་བཙུན་གྱིས་དགའ་བསུ་དང་བསྔགས་བརྗོད་ཐོབ། 

ཐེངས་འདིའི་བདེ་ཐང་སློབ་གསོའི་དྲིལ་སྒྲོག་དགོན་སྡེར་བསྐྱོད་པའི་བྱ་འགུལ་གྱིས་བདེ་ཐང་མཚོ་སྔོན་ལ་སྣེ་ཁྲིད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱ་འགུལ་སྤེལ་སར་བདེ་ཐང་སློབ་གསོ་དྲིལ་སྒྲོག་བྱས་ནས། ཁྱོན་ཡོངས་ནས་ཆོས་ལུགས་ལས་སྒྲུབ་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་ཚན་རིག་གིས་ནད་རིགས་འགོག་བཅོས་བྱེད་པའི་འདུ་ཤེས་མཐོ་རུ་གཏོང་བ་དང་། ཆོས་ལུགས་ལས་སྒྲུབ་མི་སྣ་དང་ཆོས་དད་མང་ཚོགས་ལ་བདེ་ཐང་གི་འདུ་ཤེས་ཆགས་སུ་འཇུག་པར་སྣེ་ཁྲིད་དེ། བདེ་ཐང་དཔལ་ཡོན་གྱི་རྣམ་པ་ཆགས་སུ་འཇུག་པར་སྐུལ་འདེད་བཏང་ནས། ནད་འགོ་བར་འགོག་སྲུང་དང་འཚོ་བའི་སྤུས་ཚད་མཐོར་འདེགས་སུ་བཏང་ནས་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱེད་རྒྱུ་རེད། 

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་རིགས་ཆོས་ལུགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི“བསྐྱོད་པ་བཅུ”ཡི་བྱ་འགུལ་དང་དམ་དུ་འབྲེལ་ཏེ། འཆམ་མཐུན་དགོན་སྡེ་གསར་སྐྲུན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་དགོན་སྡེའི་ཁྲིམས་སྐྱོང་དྲིལ་སྒྲོག་ཟླ་བ་སོགས་དང་ཟུང་འབྲེལ་སྒོས་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་སྤེལ་ས་དང་། ཆོས་ལུགས་ལས་སྒྲུབ་མི་སྣ། ཆོས་དད་མང་ཚོགས་ཁྲོད་ས་གནས་ནད་རིམས་འགོག་ཤེས་བྱ་དང་། བདེ་ཐང་སློབ་གསོའི་དྲིལ་སྒྲོག་ཡོངས་སུ་ཁྱབ་པར་བྱས་ནས། ཆོས་ལུགས་ལས་སྒྲུབ་མི་སྣ་དང་རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱིས་ས་གནས་ནད་རིགས་ཀྱི་གནོད་པའི་ངོས་ཟིན་ཇེ་མཐོར་བཏང་སྟེ། འགོག་བཅོས་སྲིད་ཇུས་དང་བདེ་ཐང་ཤེས་བྱ་མི་རེ་རེའི་ཁོང་དུ་ཆུད་པར་བྱས་ནས། ཚན་རིག་གི་ས་གནས་ནད་རིགས་འགོག་བཅོས་ཀྱི་སྤྱི་ཚོགས་ཁོར་ཡུག་གསར་སྐྲུན་བྱེད་དུ་འཇུག་དགོས། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།