ཡུས་ཧྲུའུ་དབང་བོ་སྐྱོན་ཅན་ཕྱོགས་བསྡུས་ཁམས་གསོ་སྨན་ཁང་ཐོག་མ་གསར་དུ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས26ཉིན། ཡུས་ཧྲུའུ་དབང་བོ་སྐྱོན་ཅན་ཕྱོགས་བསྡུས་ཁམས་གསོ་སྨན་ཁང་དང་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་ཡུས་ཧྲུའུ་ཡན་ལག་སྨན་ཁང་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་སྒོ་བྱང་བཀལ། སྨན་ཁང་གསར་དུ་བཙུགས་པ་དེས་ཁམས་གསོ་ཞབས་ཞུ་སོགས་སྤྱི་ཚོགས་སྤྱི་ཕན་རང་བཞིན་གྱི་འགན་ནུས་འདོན་སྤེལ་བྱེད་པ་དང་། ས་གནས་ཀྱི་འོན་པའི་སྐད་ཡིག་གསོ་སྦྱོང་དང་། དབང་བོ་སྐྱོན་ཅན་གྱི་ཁམས་གསོ་སྦྱོང་བརྡར། དེ་མིན་ཀླད་སྐྱོན་བྱིས་པ་སོགས་ཀྱི་ཁམས་གསོ་སྦྱོང་བརྡར་ཐོན་ཁུངས་ཞན་པའི་དཀའ་གནད་ཐག་གཅོད་བྱ་རྒྱུ་རེད།

ཁམས་གསོ་སྨན་ཁང་གིས་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་སྔོན་ཐོན་ཁམས་གསོའི་ནད་ཐོག་ལག་ལེན་གྱི་སྨན་བཅོས་ཆུ་ཚད་ལ་བརྟེན་ནས། རྒྱ་ཆེའི་མང་ཚོགས་ཀྱི་ལམ་ཐག་རིང་བ་དང་། འགྲོ་གྲོན་མཐོ་བ། ཁམས་གསོའི་ནད་སྟོན་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ནད་ཐོག་ལག་ལེན་ལ་བརྟེན་ནས་ཁྲིད་སྦྱོང་དང་། ལས་གཉེར་གསོ་སྦྱོང་སོགས་ཀྱི་མཉམ་ལས་བྱེད་ཐབས་བརྒྱུད། ལག་རྩལ་གསར་བ་ས་གནས་ཀྱི་སྨན་བཅོས་མི་སྣར་ཁྲིད་དེ། ཁོ་ཚོའི་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་བར་རམ་འདེགས་བྱས་ནས་ས་གནས་ཀྱི་སྨན་བཅོས་རུ་ཁག་གསར་བ་ཞིག་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།