གཞུང་ནོར་ཧམ་ཟ་དང་སྒེར་སྤྱོད་བྱས་པར་དོགས་གཞི་ཡོད་པའི་ཁྲི་འདུ་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིས་ཞིབ་བཤེར་བརྟག་དཔྱད་དང་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཀྲུང་གུང་ཡུས་ཧྲུའུ་ཁུལ་ཨུའི་ཆོག་མཆན་ཐོབ་པ་བརྒྱུད། ཡུས་ཧྲུའུ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཁྲི་འདུ་རྫོང་ཨུ་ཡི་དེ་སྔའི་རྒྱུན་ལས་ཨུ་ཡོན་དང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བསམ་གཏན་བཀྲ་ཤིས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ལ་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་བརྟག་དཔྱད་བྱས།

ཞིབ་བཤེར་བྱས་པ་བརྒྱུད། བསམ་གཏན་བཀྲ་ཤིས་ཀྱིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་ལ་འགལ་ཞིང་། ཏང་ལ་བློ་དཀར་དྲང་བདེན་མིན་པས་རྩ་འཛུགས་ཀྱི་ཞིབ་བཤེར་ལ་ངོ་རྒོལ་བྱས་ཤིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མི་བྱེད་པ་དང་། བབ་བསྟུན་གྱི་སྦྱོར་བ་སྤེལ་བ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་འགལ་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་སྣང་མེད་དུ་འཇོག་པ། “གལ་ཆེན་གསུམ་དང་འབོར་ཆེན་གཅིག་”གི་ཐུན་མོང་ཐོག་ཞིབ་འཇུག་བྱེད་པའི་སྒྲིག་སྲོལ་དང་མི་བསྟུན་པ། དེ་མིན་སྤྱོད་གཙང་གི་སྒྲིག་ཁྲིམས་ལ་འགལ་ཏེ་ཆེད་དངུལ་དང་སྤྱི་སྤྱོད་གྲོན་དངུལ་གཞན་དག་སྒེར་གྱི་དངུལ་བྱང་དུ་བསྐོར་ནས་སྒེར་ཕན་གཉེར་བ། བྱ་བའི་སྒྲིག་ཁྲིམས་ལ་འགལ་ཏེ་བྱ་བའི་འགན་འཁྲི་ཡང་དག་པར་མི་སྒྲུབ་པ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་འགལ་ནས་གོ་གནས་ཀྱི་དབང་ཆ་བེད་སྤྱོད་ཀྱིས་སྤྱི་པའི་རྒྱུ་ནོར་ལྐོག་ཟ་དང་གཞན་སྤྱོད། ལྐོག་ཟའི་ཉེས་གསོག་དང་གཞུང་དངུལ་སྒེར་སྤྱོད་ཀྱི་ཉེས་གསོག་བྱས་པའི་ནག་ཉེས་བསགས།

 བསམ་གཏན་བཀྲ་ཤིས་ནི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། བྱ་བའི་སྒྲིག་ཁྲིམས་བཅས་དང་འགལ་ནས་ལས་གནས་ཀྱི་ཁྲིམས་འགལ་ཚབས་ཆེན་བཟོས་ཤིང་། ལྐོག་ཟའི་ཉེས་གསོག་དང་གཞུང་དངུལ་སྒེར་སྤྱོད་ཀྱི་ཉེས་གསོག་དོགས་གཞི་ཡོད་ལ། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བའི་གནས་ཚུལ་འོག ཚོད་འཛིན་མི་བྱེད་པ་དང་། མཚམས་མི་འཇོག་པ། ངོ་བོ་ཚབས་ཆེ་བ། ཤུགས་རྐྱེན་ངན་པ་བཅས་ཡིན་པས་ཐག་གཅོད་ནན་མོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་མི་སྣའི་སྲིད་དོན་ཐག་གཅོད་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གུང་ཡུས་ཧྲུའུ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཀྲུང་གུང་ཡུས་ཧྲུའུ་ཁུལ་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་ཐོབ་པ་བརྒྱུད། བསམ་གཏན་བཀྲ་ཤིས་ཏང་ཁོངས་ནས་ཕྱིར་ཕུད་པའི་ཆད་གཅོད་དང་། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་གཞུང་གི་ལས་གནས་ནས་ཕྱིར་ཕུད་པ། ཉེས་གསོག་དོགས་གཞི་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་དང་མཉམ་དུ། དེ་དང་འབྲེལ་ཡོད་ཀྱི་རྒྱུ་ནོར་གྱོད་གཞི་སྐྱེལ་སྤྲོད་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།