ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཤེས་བྱའི་བདག་དབང་ཅུའུ་དང་། ཀོང་ཏུང་ཞིང་ཆེན་ཤེས་བྱའི་བདག་དབང་སྲུང་སྐྱོབ་ལྟེ་གནས། རྒྱལ་ཁབ་ཤེས་བྱའི་བདག་དབང་འཁོར་རྒྱུག་སྤྱི་བའི་ཞབས་ཞུའི་སྟེགས་བུའི་དངུལ་རྩ་གསར་སྐྲུན་ཚོད་ལྟའི་སྟེགས་བུ་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་སྐབས་གཉིས་པའི་ནུབ་རྒྱུད་ཤེས་བྱའི་བདག་དབང་བགྲོ་གླེང་ཚོགས་འདུ་དང་2020ལོའི་ཀོང་ཏུང་དང་མཚོ་སྔོན་གྱི་ཤེས་བྱའི་བདག་དབང་ཉོ་ཚོང་འགྲེམ་ཚོགས་ནུབ་རྒྱུད་འོས་སྦྱོར་ཚོགས་འདུ་མཚོ་སྔོན་དུ་བསྡུས་པ་དང་། དམིགས་ཡུལ་ནི་ཀོང་ཏུང་དང་མཚོ་སྔོན་གྱི་ཤེས་བྱའི་བདག་དབང་མཉམ་ལས་ཇེ་ཟབ་དང་། ཀོང་ཏུང་དང་ནུབ་རྒྱུད་ས་ཁུལ་གྱི་ཤེས་བྱའི་བདག་དབང་བྱ་བའི་བརྗེ་རེས་ཀྱི་ཉམས་མྱོང་དང་ཐོན་ཁུངས་མཐུད་སྦྲེལ་ལ་ཤུགས་བསྣན་ནས། མཉམ་དུ་ནུབ་རྒྱུད་ཀྱི་ཤེས་བྱའི་བདག་དབང་བྱ་བའི་འཕེལ་རྒྱས་ལམ་བུ་ལ་བགྲོ་གླེང་བྱེད་རྒྱུ་དེ་རེད།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་བདག་དབང་བྱ་བས་ཆེད་ཁེ་གསར་སྐྲུན་དང་། ཟོང་རྟགས་བྱ་བ། ཤེས་བྱའི་ཐོན་རྫས་ཀྱི་སྲུང་སྐྱོབ་ཤུགས་ཚད། དེ་མིན་ཤེས་བྱའི་བདག་དབང་བེད་སྤྱོད་སོགས་ཀྱི་ཐད་ཕན་འབྲས་གསར་བ་བླངས། ཆེད་ཁེ་རེ་ཞུའི་ཚད་དང་དབང་སྤྲོད་ཀྱི་ཚད་ལོ་རེ་བཞིན་འཕར་བསྣོན་བྱུང་ཞིང་། ཐོབ་ཚད་ལོ་རེ་བཞིན་བརྒྱ་ཆའི་15ཡན་ལ་སླེབས་པ་དང་། གྲངས་ཀ་དང་སྤུས་ཚད་གཉིས་ཡར་འཕར་བ་མངོན་འགྱུར་བྱུང་། ན་ནིང་ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་ཚོང་རྟགས་ཐོ་འགོད་ཁྲི3.88ལ་སླེབས་པའི་དུས་མཚུངས་སུ། བདག་དབང་ལ་འགལ་བའི་རྫུས་མ་དང་། ཤེས་བྱའི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ཆེད་སྤྱོད་བྱ་འགུལ་རབ་དང་རིམ་པ་སྤེལ་ཞིང་ཆད་གཅོད་ཀྱི་ཤུགས་ཚད་ཆེ་རུ་བཏང་།
ཤེས་གསལ་བྱུང་བ་ལྟར་ན། ཐེངས་འདིའི་ཤེས་བྱའི་བདག་དབང་བགྲོ་གླེང་ཚོགས་འདུའི་ཚོགས་ཡུན་ཉིན་གཉིས་ཡིན་ཞིང་། ཚོགས་འདུའི་སྐབས་སུ། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པས་འཆད་ཁྲིད་དང་བརྗོད་དོན་བགྲོ་གླེང་སོགས་ཀྱི་རྣམ་པས་ཤེས་བྱའི་བདག་དབང་སྐོར་ནས་བརྗེ་རེས་བྱས། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
སྐབས་གཉིས་པའི་ནུབ་རྒྱུད་ཤེས་བྱའི་བདག་དབང་བགྲོ་གླེང་ཚོགས་འདུ་མཚོ་སྔོན་ཞིང་ཆེན་དུ་བསྡུས།