ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས23ཉིན། པེ་ཅིན་དང་ཧྲང་ཧེ། ཀོང་ཀྲོའུ། ཧོ་ཧྥེ་བཅས་ནས་ཡོང་བའི་སྐུ་མགྲོན7པོ་ཟི་ལིང་ནས་ལམ་དུ་ཆས་ཏེ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱི་མདོ་ལ་རིང་མོའི་དཔེ་མཚོན་ནགས་ཚལ་སྐྱེ་ཁམས་མ་ལག་དུ་ཉམས་ལེན་བྱེད་པར་བསྐྱོད། ཐེངས་འདིའི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱི་སྣོད་བཅུད་ཉམས་ལེན་བྱེད་སྒོ་ཚོད་ལྟའི་ངང་གཉེར་སྐྱོང་བྱས་ཤིང་། མགྲོན་པོས་རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་ཆོག་མཆན་ཐོབ་པའི་ལམ་ཐིག་ལྟར་གླིང་ཁུལ་དུ་སྐྱེ་ཁམས་མ་ལག་དང་སྲོག་ཆགས། རྩི་ཤིང་ལ་རྒྱུས་ལོན་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་བྱེད་སྒོའི་ནང་དངོས་སུ་ཞུགས་ཆོག་པ་དང་། སྲོལ་རྒྱུན་རིག་གནས་ཉམས་ལེན་བྱེད་སྒོ་མཇུག་འགྲིལ་རྗེས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་སྤྲད་པའི་ལག་ཁྱེར་དཔང་ཡིག་ཐོབ་ཐུབ།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྐྱེ་ཁམས་ཉམས་ལེན་བྱེད་སྒོར་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་གཉེར་སྐྱོང་གི་ཆོག་མཆན་ཐོབ་ཡོད་པ་རེད། མཚོ་སྔོན་གདོད་མའི་བྱ་དངོས་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཝང་ལེ་ཡིས་གསར་འགོད་པར། རྩེར་སོན་གྱི་ཚོགས་ཆུང་གིས་སྔོན་མངགས་བྱེད་པ་དང་། ཚན་རིག་དང་མཐུན་པའི་ངང་འགྲེལ་བཤད་རྒྱག་པ། ས་གནས་དེ་གའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའམ་ཡང་ན་འབྲོག་མི་ཚོས་འགྲོ་རོགས་བྱེད་པའི་རྣམ་པ་བརྒྱུད་དེ་རྒྱལ་ཁབ་སྤྱི་གླིང་གི་ཡུལ་སྐོར་བའི་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ནང་བསྐྱོད་པར་སྐྱེ་ཁམས་ཉམས་ལེན་དང་ཁོར་ཡུག་སློབ་གསོའི་ཁྱབ་ཁོངས་མཁོ་འདོན་ཐུབ་པར་འགན་ལེན་བྱས་ཤིང་། ཧུར་ཐག་སྒོས་སྲུང་སྐྱོང་བྱ་ཡུལ་ལ་འགོག་རྐྱེན་མི་བཟོ་བ་དང་སྲུང་སྐྱོང་གི་དམིགས་ཚད་ལ་གནོད་འཚེ་མི་ཕོག་པ་བྱེད་དགོས་པ་མ་ཟད། ད་དུང་ཡུལ་སྐོར་བར་སྤུས་ཚད་མཐོ་བའི་རྒྱལ་ཁབ་སྤྱི་གླིང་གི་ཁོར་ཡུག་འགྲེལ་བཤད་དང་། གདོད་མའི་སྐྱེ་ཁམས་སྡེ་ཁུལ་གྱི་འཚོ་བའི་ཉམས་ལེན་དང་རི་ཆུའི་རང་བྱུང་བཅས་ལོངས་སྤྱོད་བྱེད་དུ་བཅུག་ཡོད་ཞེས་བཤད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིར་འགྲུལ་བ་སྣེ་ལེན་བྱས་པའི་ཡོང་སྒོ60%ནས70%ཞབས་ཞུ་མཁོ་འདོན་བྱས་པའི་སྡོད་ཁུལ་དང་འབྲོག་མི་དག་ལ་ཕྱིར་སྤྲོད་རྒྱུ་ཡིན་པ་དང་། ས་གནས་ཀྱི་དམངས་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོང་གི་གླ་ཕོག་ལས་གཞན། ད་དུང་ལྗང་མདོག་འཕེལ་རྒྱས་ལ་བརྟེན་ནས་སྲུང་སྐྱོང་གི་གྲུབ་འབྲས་མཉམ་རོལ་བྱེད་དུ་འཇུག་རྒྱུ་རེད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
འགྲུལ་བ་ཁག་དང་པོ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་དུ་བསྐྱོད་ནས་སྐྱེ་ཁམས་ཉམས་ལེན་བྱས་པ།