མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབྱར་གནང་སྐབས་སུ་ལག་ལེན་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟའ་བཏུང་འཕྲོ་བརླག་གི་བྱ་སྤྱོད་བཀག་འགོག་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གྲོན་ཆུང་བསྲི་ཚགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་སྔར་བས་དར་སྤེལ་དང་། གྲོན་ཆུང་ནི་གཟི་བརྗིད་དང་འཕྲོ་བརླག་ནི་ངོ་ཚ་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། རང་འགུལ་ངང་གྲོན་ཆུང་བསྲི་ཚགས་ཀྱི་འཚོ་བའི་གོམས་གཤིས་བཟང་པོ་འཇགས་པར་བྱེད་ཆེད། ཟླ8པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བཟའ་བཏུང་འཕྲོ་བརླག་གི་བྱ་སྤྱོད་བཀག་འགོག་དང་གྲོན་ཆུང་ལ་བརྩི་མཐོང་བྱེད་པའི”བརྗོད་དོན་གཙོ་བོ་བྱ་འགུལ་དེ་མཁར་བྱང་གི་གསར་གཏོད་པའི་དཔེ་དེབ་ཁང་དུ་གཟབ་རྒྱས་ངང་སྤེལ་བ་དང་། ཁྱིམ་ཚང10དང་སློབ་འབྲིང་སློབ་མ29བྱེད་སྒོའི་ནང་ཞུགས་ཡོད་པ་རེད། 

བྱེད་སྒོ་དེ་ནི་རྒྱལ་ཡོངས་ཀྱི་སྤྱི་པའི་སྒྲིག་གཞིའི་འབྲུ་རིགས་གྲོན་ཆུང་གི་སྤྱི་ཕན་དྲིལ་བསྒྲགས་གློག་བརྙན《འབྲས་རྡོག་གཅིག་གི་འཇིག་རྟེན》ཞེས་པའི་འགུལ་རིས་ཁྲོད་འགོ་བརྩམས་པ་རེད། ཁྱིམ་བདག་དང་ལོ་ཆུང་བྱིས་པས་བརྙན་ལམ་ནས་འབྲས་རྡོག་གཅིག་ནི་ཞིང་རྨོ་བ་དང་། འདེབས་འཛུགས། ཡུར་མ་ཡུར་བ། བརྔ་བསྡུ། འབྲུ་སྐམ་པ་བཅས་ཀྱི་བརྒྱུད་རིམ་ལས་བྱུང་བར་བལྟས་པས་ཁོ་ཚོར་མྱོང་ཚོར་ཟབ་མོ་སྐྱེས་སུ་བཅུག དེ་དང་མཉམ་དུ་ཀུན་གྱིས་དོ་སྣང་བྱེད་པའི་གནའ་བོའི་སྙན་ངག་《སྙིང་རྗེ་བའི་ཞིང་པ》ཞེས་པ་གྱེར་འདོན་བྱས་ཏེ། “རྔུལ་ཆུ་འཛག་ནས་མྱུག་རྩེ་ས་ཡང་སྦང་། འབྲུ་རྡོག་རེ་རེ་དཀའ་བའི་ལས་སུ་འཁྲུངས། ”ཞེས་པའི་གོ་དོན་ལ་གོ་བ་སྔར་ལས་གཏིང་ཟབ་བླངས། སློབ་འབྲིང་སློབ་མའི་འཐུས་མིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ཆེའི་བུད་མེད་དང་ཁྱིམ་ཚང་ལ་བཏོན་པའི་གྲོས་གཞིའི་ཡི་གེ་སྒྲོག་སྦྱངས་བྱས་ཤིང་། “རང་ཉིད་ནས་འགོ་རྩོམ་པ་དང་། ཁྱིམ་ཚང་ནས་འགོ་རྩོམ་པ། བཟའ་བཏུང་འཕྲོ་བརླག་གཏོང་བའི་རིགས་བཀག་འགོག་དང་ཧུར་བརྩོན་གྱིས་གྲོན་ཆུང་ལ་བརྩི་མཐོང་དང་དར་སྤེལ་”བྱེད་པ། ཚང་མས་ཚད་གཞི་ལྡན་པའི་ཀྲུང་གོའི་བཟའ་བཏུང་རིག་གནས་དང་ཀྲུང་ཧྭ་མི་རིགས་ཀྱི་བཀའ་དྲིན་ཤེས་བ། ངལ་རྩོལ་ལ་བརྩི་འཇོག བདེ་སྐྱིད་ལ་གཅེས་སྤྲས་བཅས་བྱེད་པའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་གྲོན་ཆུང་གི་ཀུན་སྤྱོད་དར་སྤེལ་གཏོང་མཁན་དང་། དྲིལ་བསྒྲགས་བྱེད་མཁན། ལག་ལེན་བྱེད་མཁན། སྐུལ་འདེད་གཏོང་མཁན་བཅས་བྱེད་པར་རེ་འབོད་བྱས་པ་རེད།

བྱེད་སྒོའི་ནང་ད་དུང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སེམས་ཁམས་བློ་འདྲིའི་དགེ་རྒན་ཚུང་ཕེའེ་ལིང་གདན་དྲངས་ཏེ《ཁྱིམ་ཚང་གི་འབྲེལ་བ་དང་ལུས་སེམས་བདེ་ཐང་》ཞེས་པའི་ཆེད་དོན་འཆད་ཁྲིད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།