མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་རིག་གནས་ལོ་རྒྱུས་ཡིག་ཆ་ཁང་གི་གྲ་སྒྲིག་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ8པའི་ཚེས14ཉིན།  མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་རིག་གནས་ལོ་རྒྱུས་ཡིག་ཆ་ཁང་གྲ་སྒྲིག་འགོ་ཁྲིད་ཚན་ཆུང་གིི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ།   གྲ་སྒྲིག་བྱ་བ་སྤེལ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པདང་།   ཐེངས་རྗེས་མའི་གྲ་སྒྲིག་ལས་དོན་བཀོད་སྒྲིག་བྱས་པ་དང་འབྲེལ་གདན་ཞུ་བྱས་པའི་ཆེད་མཁས་པའི་མཛོད་ཀྱི་ཁོངས་མིར་གདན་ཞུའི་ཡི་གེ་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་རིག་གནས་ལོ་རྒྱུས་ཡིག་ཆ་ཁང་གི་གྲ་སྒྲིག་འགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ཏུའུ་ཅེ་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་།  གྲ་སྒྲིག་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་ཆེད་མཁས་པའི་མཛོད་ཀྱི་ཁོངས་མི་ཁག་གཅིག་ཚོགས་འདུར་ཞུགས་ཡོད་པ་རེད།

ཏུའུ་ཅེ་ཡིས་རིག་གནས་ལོ་རྒྱུས་ཡིག་ཆ་ཁང་འཛུགས་སྐྲུན་བྱ་རྒྱུ་ནི་དུས་རབས་གསར་བའི་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་སུ་གཏོང་བ། སྲིད་གྲོས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་བྱེད་པ།  “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་བླང་བྱར་སྐུལ་འདེད་གཏོང་བ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་ལུགས་ཀྱི་ལེགས་ཆ་མངོན་པ།  སྲིད་གྲོས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་མངོན་པ།  མཚོ་སྔོན་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་རེད།  རིག་གནས་ལོ་རྒྱུས་ཡིག་ཆ་ཁང་གི་འོས་འགན་གཞིར་བཟུང་ནས།   མཚོ་སྔོན་དང་སྲིད་གྲོས་ཀྱི་ཁྱད་ཆོས་མངོན་ཐུབ་པའི་སྤུས་ཚད་མཐོ་བའི་རིག་གནས་ལོ་རྒྱུས་ཀྱི་ཡིག་ཆ་ཁང་ཞིག་བསྐྲུན་དགོས་པ་དང་།   རིག་གནས་ལོ་རྒྱུས་ཀྱི་ཡིག་ཆ་ཁང་འཛུགས་སྐྲུན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འོས་འགན་ཞིག་ཏུ་བརྩིས་ནས།  སྔར་ལས་ངོས་འཛིན་མཐོ་རུ་གཏོང་བ་དང་བསམ་བློ་གཅིག་གྱུར་བྱས་ཏེ།  གྲ་སྒྲིག་འགོ་ཁྲིད་ཚན་ཆུང་གིས་རྩ་འཛུགས་དང་།  མཐུན་སྦྱོར།   ལྟ་སྐུལ་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  ལས་ཀར་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཀྱི་ནུས་ཤུགས་ཆེ་རུ་གཏོང་དགོས་ཤིང་།  ཐེངས་རྗེས་མའི་གྲ་སྒྲིག་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་ཇུས་འགོད་བྱེད་དགོས་པ་མ་ཟད།  ནན་ཏན་གྱིས་ཇུས་འགོད་དང་ཨར་སྐྲུན།  མ་དངུལ།  འོས་སྐུལ་འོས་ལེན་སོགས་ལྷུ་ཚིགས་ཁག་གི་ཚད་ལྡན་འཁོར་སྐྱོད་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན།   །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།