མཚོ་སྔོན་ཞིང་ཆེན་གྱིས་སྐབས་ལྔ་པའི་སྲོག་ཆགས་རིམས་འགོག་ལས་རིགས་རྩལ་ནུས་འགྲན་བསྡུར་གྱི་མཇུག་མཐའི་འགྲན་བསྡུར་ཟི་ལིང་དུ་འཚོགས་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ8པའི་ཚེས12ནས13ཉིན་བར།  མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིན་གྱིས་གཙོ་གཉེར་བྱས་པ་དང་ཞིང་ཆེན་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་འགན་སྒྲུབ་བྱས་པའི“མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་དྲུག་པའི་ལས་བཟོ་བའི་རྩལ་ནུས་འགྲན་བསྡུར་ཆེན་མོ་དང་ཞིང་ཆེན་ཡོངས་ཀྱི་སྐབས་ལྔ་པའི་སྲོག་ཆགས་རིམས་འགོག་ལས་རིགས་རྩལ་ནུས་འགྲན་བསྡུར་གྱི་མཇུག་མཐའི་འགྲན་བསྡུར”ཟི་ལིང་དུ་འཚོགས་པ་རེད།  གྲོང་ཁྱེར་དང་ཁུལ8དང་།  ཞིང་ཆེན་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས།  མཚོ་སྔོན་སློབ་ཆེན་ཞིང་འབྲོག་སློབ་གླིང་།  མཚོ་སྔོན་ཕྱུགས་རིགས་སྨན་པའི་ལས་རིགས་ལག་རྩལ་སློབ་གླིང(དགེ་རྒན་རུ་ཁག་དང་སློབ་མ་རུ་ཁག)བཅས་ཀྱི་འཐུས་མི་རུ་ཁག12འགྲན་བསྡུར་ནང་ཞུགས་པ་རེད།   

ད་ཐེངས་ཀྱི་འགྲན་བསྡུར་ནང“གཞི་རྩའི་རྩལ་ནུས་ཆེ་རུ་གཏོང་བ་དང་རིམས་འགོག་ལས་དོན་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས།  ཕྱོགས་ཡོངས་ནས་མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་རིམས་འགོག་དཔུང་ཁག་གི་ཕུལ་བྱུང་རིམས་འགོག་ལག་རྩལ་ཆུ་ཚད་དང་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ཡོད།  ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་གྱི་ནང་དོན་ནི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་རྒྱུགས་ལེན་དང་། ཡུལ་དངོས་ཀྱི་རྩལ་ནུས་བཀོལ་སྤྱོད།  ཕྱུགས་རིགས་སྨན་པའི་ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་ནུས་པ་བཅས་ཁག3ལས་གྲུབ་པ་དང་།   སྐབས་སྔོན་མ་དག་དང་བསྡུར་ན།   སྐབས་འདིའི་འགྲན་བསྡུར་གྱི་གཞི་ཁྱོན་ལྷག་ཏུ་ཆེ་བ་དང་།  རྣམ་གྲངས་མང་བ།  ཆུ་ཚད་མཐོ་བ།  རྣམ་པ་གཏིང་ཟབ་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་རེད།  འགྲན་བསྡུར་ལས་གྲོང་ཁྱེར་དང་ཁུལ་རིམ་པའི་ཐུན་མོང་གི་ཚོགས་པ་ཨང་དང་པོ་དང་གཉིས་པ།   གསུམ་པ་བཅས་དང་།   ཞིང་ཆེན་རིམ་པའི་ཐུན་མོང་གི་ཚོགས་པ་ཨང་དང་པོ་དང་གཉིས་པ།  མི་སྒེར་གྱི་ཨང་དང་པོ་དང་གཉིས་པ།  གསུམ་པ། ཕུལ་བྱུང་གི་བྱ་དགའ་ཐོབ་མཁན་བཅས་བསྡོམས་པས་མི12ཡོད།

ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིན་གྱི་དབུ་བཞུགས་ཕྱུགས་རིགས་སྨན་པ་ཏོན་ཧའེ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།  འགྲན་བསྡུར་བྱས་པ་བརྒྱུད་ཕྱུགས་རིགས་སྨན་པའི་ལས་དོན་པའི་རང་རློམ་བསམ་པ་དང་ལས་ཞུགས་ཀྱི་སྤོབས་སེམས་སྔར་ལས་ཆེ་རུ་ཕྱིན་པ་དང་།  ཞིང་ཆེན་ཡོངས་ཀྱི་ཕྱུགས་སྨན་མི་སྣའི “ཤེས་བྱ་སྦྱོང་བ་དང་།  ལག་རྩལ་བསྡུར་བ།  འཇོན་ཐང་བརྩོན་ལེན”བཅས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ལ་སྐུལ་སློང་བྱས་ཏེ།  ཕྱུགས་རིགས་སྨན་པའི་དཔུང་ཁག་གི་སྤྱི་ཡོངས་ཀྱི་སྤུས་ཚད་སྔར་ལས་མཐོ་རུ་གཏོང་དགོས་ཤིང་།  ཕྱུགས་རིགས་སྨན་པའི་ལས་རིགས་ཀྱི་རྩལ་ནུས་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས།  སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ལས་དོན་ལ་སྲ་ཞིང་བརྟན་པའི་ལག་རྩལ་ཤེས་ལྡན་པའི་འདེགས་སྐྱོར་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད།   །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།