ཡན་པའེ་ཡིས་ས་གནས་བཅོས་སྐྱོང་ལམ་ལུགས་ཀྱི་གསར་གཏོད་དང་བཅོས་སྐྱོང་ནུས་པའི་འཛུགས་སྐྲུན་གྱི་མཐོ་ཚད་ནས་དུས་རབས་གསར་བའི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་པོའི་ཆད་གཅོད་བྱ་བ་བཟང་བོར་བསྒྲུབ་པར་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་བཞིའི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་པོའི་ཆད་གཅོད་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེའི་ཚོགས་ཆེན་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡན་པའེ་ཚོགས་ཆེན་ལ་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ཁག་ཁུར་དང་ལོ་རྒྱུས་ཀྱི་ཁག་ཁུར། འགན་འཁྲིའི་ཁག་ཁུར་བཅས་དྲག་པོ་ལྡན་པར་བྱེད་པ་དང་། ས་གནས་བཅོས་སྐྱོང་ལམ་ལུགས་ཀྱི་གསར་གཏོད་དང་བཅོས་སྐྱོང་ནུས་པའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། དུས་རབས་གསར་བའི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་པོའི་ཆད་གཅོད་བྱ་བར་བཟང་བོར་བསྒྲུབ་དགོས་ཟེར། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་ཁྲིན་མེན་གོ་གྲོས་ཚོགས་ལ་ཞུགས། 

ཡན་པའེ་ཡིས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་སྐབས་དང་པོའི་ཆད་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚང་མའི་དཀའ་སྤྱད་ཀྱི་འབད་བརྩོན་དང་འཚོལ་ཞིབ་གང་ལེགས་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། སྐབས་གསར་བའི་ཆད་གཅོད་ཨུ་ཡོན་ལྷན་ཁང་བཙུགས་པ་དང་བདམས་ཐོན་བྱུང་བའི་ཨུ་ཡོན་དག་ལ་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ཆད་གཅོད་ཨུ་ཡོན་ལྷན་ཁང་ནི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་པོས་ཁྲིམས་ལྟར་འགན་དབང་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་དང་རྩ་འཛུགས་རྣམ་པ་ཡིན་པའི་ཆ་ནས། ཞིང་ཆེན་ཡོངས་ཀྱི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་པོའི་ཆད་གཅོད་བྱ་བའི་ལས་འགན་གཙོ་བོ་ཁུར་དུ་བླངས་ཡོད་ལ། ཁྲིམས་འཛིན་དྲང་བདེན་དང་འདྲ་མཉམ་ལ་སྲུང་སྐྱོབ་བྱེད་པའི་བླ་མེད་འགན་འཁྲི་ཁུར་དུ་བླངས་ཡོད་པས། ཚད་གཞི་མཐོན་པོའི་སྐུལ་འདེད་དང་། སྤུས་ཚད་མཐོ་བའི་འཁོར་སྐྱོད། རེ་བ་ནན་མོའི་དོ་དམ་བཅས་རྒྱུན་འཁྱོངས་བྱས་ཏེ། ཆད་གཅོད་བྱ་བ་དེ་ཁྲིམས་ལྟར་ཚད་ལྡན་དང་གོ་རིམ་ལྡན་པར་འགྱུར་བར་ཁག་ཐེག་བྱེད་དགོས་ཟེར། 
ཡན་པའེ་ཡིས་ཆད་གཅོད་བྱ་བས་ནན་ཏན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཁྲིམས་འཛིན་སྒྲིག་ལུགས་བཅོས་བསྒྱུར་གྱི་ཐབས་ཇུས་བཀོད་སྒྲིག་དངོས་འབེབ་བྱེད་པ་དང་། ཧུར་ཐག་སྒོས་མཚོ་སྔོན་གྱི་དོན་དངོས་དང་འཚམ་ཞིང་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་ཆད་གཅོད་ལམ་ལུགས་མ་ལག་འཚོལ་ཞིབ་བྱས་ཏེ། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་དངོས་འབེབ་དོན་འཁྱོལ་བྱེད་པ་དང་། ཁྲིམས་འཛིན་གྱིས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཀྱི་འདྲ་མཉམ་དང་དྲང་བདེན་ལ་སྲུང་སྐྱོབ་བྱེད་པའི་ཆེས་མཇུག་མཐའི་འགོག་སྲུང་མ་ཐིག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དུ་འཇུག་དགོས། 

སྐབས་བརྗེའི་ཚོགས་ཆེན་གྱི་རྗེས་སུ་སྐབས་གཉིས་པའི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་པོའི་ཆད་གཅོད་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། ཆད་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ་བདམས་ཐོན་བྱུང་། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།