ཞིན་ཁྲང་ཞིང་གིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཞིན་ཁྲང་ཞིང་གིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུས་ཧྲུའུ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་མང་ཚོགས་ཀྱི་འཚོ་བ་སྔར་ལས་སྐྱིད་པོ་ཡོང་བའི་ཐད་གནང་བའི་མངག་བཅོལ་ཡིད་ལ་དམ་པོར་བཅངས་ཏེ། ཡུས་ཧྲུའུ་ཡི་གནོད་སེལ་རྒུད་སྐྱོབ་སྙིང་སྟོབས་དར་སྤེལ་བྱེད་པ་དང་། ཏན་ཏན་ཏིག་ཏིག་སྒོས་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཀྱི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བཏང་ནས། དུས་རབས་གསར་བར་འབད་འཐབ་བྱེད་པ་དང་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་ཡུས་ཧྲུའུ་ས་འགུལ་རྗེས་ཀྱི་བསྐྱར་འཛུགས་འགྲེམ་སྟོན་ཁང་སོགས་ལ་སོང་སྟེ་ཡུས་ཧྲུའུ་ས་འགུལ་རྗེས་ཀྱི་བསྐྱར་འཛུགས་དང་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཡུལ་དངོས་ནས་གྲོང་ཁྱེར་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོས་བཤད་དོན། ཡུས་ཧྲུའུ་གནོད་སེལ་རྒུད་སྐྱོབ་དང་གནོད་འཚེ་རྗེས་ཀྱི་བསྐྱར་འཛུགས་ཀྱི་ལོ་རྒྱུས་བརྒྱུད་རིམ་ནི་རྒྱལ་གཅེས་རིང་ལུགས་སློབ་གསོའི་ཆེས་བཟང་བའི་བསླབ་དེབ་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཅིག་བསྡུས་སྟོབས་ཤུགས་ཀྱིས་དོན་ཆེན་སྒྲུབ་པའི་ལག་ལེན་དངོས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་ཏན་ཏན་ཏིག་ཏིག་བཞི་དང་ཆེས་ཆེ་བ་གསུམ་གྱི་རེ་བ་གལ་ཆེན་དང་ཡུས་ཧྲུའུ་བྱ་བའི་ཐད་གནང་བའི་སྔར་ལས་ལྷག་པ་བདུན་དང་སྔར་ལས་བཟང་བ་གཉིས་ཀྱི་མངག་བཅོལ་གཞི་རྩའི་བསྲུང་བྱ་བྱས་ཏེ། ཐོག་མར་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་པར་མ་ཟད། མཁར་གྲོང་གི་འཆར་འགོད་དང་འཛུགས་སྐྲུན། དོ་དམ་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་ནས། མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཐོན་ལས་རོགས་སྐྱོར་ནི་དབུལ་ཐར་ཕྱུག་སྒྱུར་བྱེད་པའི་བྱ་བ་གཙོ་བོ་ཞིག་ཡིན། ཡུས་ཧྲུའུ་གྲོང་ཁྱེར་གྱི་དབུལ་སྐྱོར་ཐོན་ལས་ཁང་དུ་རོང་འབྲོག་མང་ཚོགས་ཀྱིས་ལྭ་བ་འཚེམ་བཟོ་བྱེད་པའི་ལག་རྩལ་སློབ་སྦྱོང་བྱེད་ཀྱིན་ཡོད། ཞིན་ཁྲང་ཞིང་གིས་དབུལ་ཕོངས་མང་ཚོགས་ཀྱི་ལས་ཞུགས་དང་ཡོང་སྒོ། ཁེ་ལས་ཚོང་ཟོག་མངག་ཐོ་སོགས་ཀྱི་གནས་ཚུལ་ཞིབ་འདྲི་བྱས་ཤིང་། ཁེ་ལས་ཀྱིས་རྒྱུན་མཐུད་སྒོས་ལྭ་བའི་ཇུས་འགོད་དང་གསར་སྐྲུན་ནུས་པ་ཇེ་ཆེར་གཏོང་བ་དང་། གཞི་ཁྱོན་རྒྱ་བསྐྱེད་ཅིང་ལས་ཞུགས་ལས་གནས་ཇེ་མང་དུ་བཏང་ནས་དབུལ་སྐྱོར་སྣེ་ཁྲིད་ནུས་པ་མཐོར་འདེགས་སུ་གཏོང་དགོས་པའི་སྐུལ་མ་བཏང་།

ཞིན་ཁྲང་ཞིང་ཡུས་ཧྲུའུ་གྲོང་ཁྱེར་གྱི་མི་རིགས་སློབ་འབྲིང་གསུམ་པའི་ནང་སོང་སྟེ་སློབ་གྲྭའི་འཛུགས་སྐྲུན་དང་སློབ་གསོའི་སློབ་ཁྲིད་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། མཁར་གྲོང་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་སོང་རྗེས་སློབ་གསོའི་ཐོན་ཁུངས་མི་འདང་བའི་གནས་ཚུལ་གསར་བ་དང་འགྱུར་ལྡོག་གསར་བར་དམིགས་ཏེ་བཤད་དོན། སྲིད་གཞུང་གིས་རྣམ་པ་དང་ཐབས་ལམ་མང་པོ་སྤྱད་དེ་གནད་དོན་ཐག་གཅོད་པ་དང་། སློབ་མཚམས་འཇོག་པ་ཚོད་འཛིན་དང་སློབ་སྦྱོང་ཁག་ཐེག་བྱེད་པའི་བྱ་བའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་གསོ་སྐྱོང་བྱེད་དགོས་ཟེར།

ཡུས་ཧྲུའུ་གནམ་གྲུ་ཐང་རྒྱ་བསྐྱེད་པའི་བཟོ་སྐྲུན་ནི་རང་ཞིང་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་བཟོ་སྐྲུན་གལ་ཆེན་ཞིག་ཡིན། ཞིན་ཁྲང་ཞིང་གིས་ལས་གཞི་ལག་བསྟར་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས། སྐྱེ་ཁམས་ཁོར་སྲུང་འདུ་ཤེས་དེ་ལས་གཞི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཡོངས་དང་མཐུན་པར་བྱས་ཏེ། ལས་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་བཟོ་སྐྲུན་ཡུལ་དངོས་ཀྱི་རིམས་འགོག་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།