མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཚེས་བཅུ་བཞིའི་ཉིན་ཟི་ལིང་ནས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། 

ཧྲིན་ཀྲང་ཚབ་མ། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞིན་ཁྲང་ཞིང་དང་། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཐིན་ཅཱ་ཚེ། ལིས་ཅེ་ཞང་། ཡུས་ཚོན་ལི། ཁྲིན་རོས་ཧྥུན། ཝང་ལོས་མེན། ཝང་ཀྲིན་ཧྲིན། ལིག་ཐའོ། ཝང་གོ་ཏུང་བཅས་གྲོས་ཚོགས་ལ་ཞུགས། 

གྲོས་ཚོགས་ནས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་མཚོ་སྔོན་གྱིས་ནམ་ཡང་སྣང་མེད་དུ་བསྐྱུར་མི་རུང་བའི་ཆབ་སྲིད་འགན་འཁྲི་ཡིན་པ་དང་། མུ་རི་གཏེར་ཁུལ་དུ་བྱུང་བའི་ཁྲིམས་འགལ་གཏེར་འདོན་གནད་དོན་གྱིས་མཚོ་སྔོན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གོམ་སྟབས་ལ་བཀག་རྒྱ་བཟོ་མི་སྲིད་པ་དང་། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་སྒྲིབ་སྲུང་བའི་ཆོད་སེམས་ལ་གཡོ་འགུལ་གཏོང་མི་ཐུབ་ལ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ལ་གནོད་པ་ཐེབས་མི་སྲིད། ངེས་པར་དུ་སྲུང་སྐྱོབ་གཉིས་ཀྱི་ཆབ་སྲིད་མཐོ་ཚད་ནས། བསམ་བློའི་ངོས་འཛིན་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་རེ་བ་གལ་ཆེན་སྟེང་གཅིག་གྱུར་བྱས་ཤིང་། བསླབ་བྱ་དང་ཉམས་མྱོང་བསྡུ་ལེན་བྱས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་བརྟན་པོར་ཆགས་སུ་འཇུག་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ཁུར་དུ་བླངས་ཏེ། ཆེས་ཆེན་པོ་གསུམ་གྱི་མཚོ་སྔོན་གནས་ཚུལ་གྱི་གཏན་གནས་གསལ་བོ་བྱེད་དགོས་ཟེར། 

གྲོས་ཚོགས་ནས་ཚད་མཐོ་བའི་ཆབ་སྲིད་ལངས་ཕྱོགས་དང་གནད་འཁེལ་གྱི་བྱ་བའི་བྱེད་ཐབས། འགན་འཁྲིའི་ཁག་ཁུར་ཆེན་པོ་ལྡན་པ། ཕན་ནུས་མཐོ་བའི་མཐུན་སྦྱོར་གཞོགས་འདེགས། གཟབ་ནན་གྱི་ལྟ་རྟོག་ཞིབ་བཤེར་བཅས་ལ་བརྟེན་ནས་དག་ཐེར་བཅོས་སྐྱོང་བྱ་བ་དམ་འཛིན་བྱེད་དགོས་པ་ནན་བཤད་བྱས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། སྤྱི་ཕྱོགས་ནས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་ལ། ཚན་རིག་དང་མཐུན་པའི་བཅོས་སྐྱོང་ལག་བསྟར་བྱེད་དགོས་པར་མ་ཟད། ལྟ་རྟོག་དོ་དམ་ལ་ཤུགས་སྣོན་བྱས་ཏེ། ཟོལ་མེད་ཀྱིས་བྱ་བ་སྣ་ཚོགས་ཀྱི་ཞིབ་ཚགས་དོ་དམ་ལ་ཤུགས་སྣོན་བྱེད་པ་དང་། ལས་རིམ་ཞིབ་ཚགས་དོན་འདུས་ཡིན་དགོས་ལ། སྲུབས་མེད་ལྟར་ཕན་ཚུན་དམ་དུ་སྦྲེལ་ནས་ཕྱོགས་བསྡུས་བཅོས་སྐྱོང་ལ་གྲུབ་འབྲས་དངོས་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར། 

གྲོས་ཚོགས་ནས་སྐོར་ཐེངས་གསར་བའི་དག་ཐེར་བཅོས་སྐྱོང་ནི་བསླབ་བྱ་བསྡུ་ལེན་བྱས་རྗེས་ཀྱི་དག་ཐེར་བཅོས་སྐྱོང་ཡིན་པ་དང་། གཟབ་ནན་གྱིས་འགན་འཁྲི་རྩད་ཞིབ་བྱས་རྗེས་ཀྱི་དག་ཐེར་བཅོས་སྐྱོང་ཡིན། ངེས་པར་དུ་དག་ཐེར་བཅོས་སྐྱོང་གི་འགན་འཁྲི་གཏན་འཁེལ་གསལ་བོ་བྱས་ཏེ། ཁུར་དུ་ལེན་དགོས་པའི་འགན་འཁྲི་ཁུར་བ་དང་། འགན་ཁུར་དགོས་པའི་ལས་འགན་དང་དུ་བླངས་ནས་དག་ཐེར་བཅོས་སྐྱོང་གི་ཕན་འབྲས་ཀྱིས་ཉམས་སད་ཐེག་པར་འགན་སྲུང་བྱེད་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་རྩིས་སྤྲོད་གང་ལེགས་བྱེད་དགོས་པའི་རེ་བཏོན། 

ཚོགས་ཐོག་ནས་མུ་རི་སོལ་གཏེར་ཡུལ་དངོས་ཀྱི་གཞི་རྩའི་གནས་ཚུལ་གྱི་བརྙན་རིས་བཏང་བ་དང་། གྲོས་ཚོགས་ནས་འབྲེལ་ཡོད་ཡིག་ཆེར་གྲོས་ཞིབ་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།