ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཞིག་གི་བདེ་སྐྱིད་ཀྱི་འཚོ་བ།

གངས་འདབས་ཀྱི་རྩྭ་ཐང་ནས་སྐྱིད་པའི་མཁར་གྲོང་དུ་གནས་སྤར་བ་དང་། འབྲོག་པ་ནས་མཁར་གྲོང་གཞིས་དམངས་སུ་གྱུར་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་རི་བོ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཀུན་དགའ་རྣམ་རྒྱལ་དང་ཡུལ་དེའི་མང་ཚོགས་ཀུན་གྱི་སེམས་སུ་སྐྱིད་པའི་རྦ་རླབས་དྲག་ཏུ་འཕྱུར་ཡོད། 

ཀུན་དགའ་རྣམ་རྒྱལ་ཉི་མ་རེ་རེར་སྔ་མོ་ནས་མལ་ལས་ལངས་ཏེ། སྒྲོག་ཙེ་གཙང་མར་ཕྱི་བ་སོགས་ཁྱིམ་དུ་གད་བདར་ལེགས་པོ་བྱས་རྗེས། ད་གཟོད་བཟའ་ཟླ་བྱང་ཆུབ་སྒྲོལ་མ་མལ་ལས་ལངས་པར་ཞབས་ཞུ་བསྒྲུབས། ཆུང་མའི་ཁ་ངོ་གཙང་མར་བཀྲུས་རྗེས་ཁོས་སེམས་ཞིབ་མོའི་སྒོ་ནས་མོའི་སྐྲ་ལོ་ལན་བུ་གཉིས་སུ་བསླེས། 

“རྒད་མོ།འུ་གཉིས་ཀྱིས་ད་ནངས་ནངས་ཇ་འབྲས་ལྡུར་འཐུང་ན་ཆོག་གམ”ཞེས་ཀུན་དགའ་རྣམ་རྒྱལ་གྱིས་ངག་འཇམ་པོས་འདྲི་ཞོར་མིག་ལ་བརྩེ་བས་ཁེངས་ཡོད་ལ། རྒད་མོས་ཁོ་ལ་ལྟ་བཞིན་མགོ་བོ་ལྕོག་ལྕོག་ལྡེམ།དེ་ནས་ཀུན་དགའ་རྣམ་རྒྱལ་གྱིས་འབྲས་ལྡུར་བསྐོལ་ཞིང་འབྲས་ལྡུར་གྱི་དྲོ་ཚད་སྙོམ་པོར་བཏང་རྗེས་ཆུང་མའི་མདུན་དུ་བཞག ཀུན་དགའ་རྣམ་རྒྱལ་བཟའ་ཟླ་གཉིས་ཀྱིས་འབྲས་ལྡུར་འཐུང་ཞོར་དང་བརྙན་འཕྲིན་ལ་ལྟ་ཞོར། ཁྱིམ་ཚང་གི་བྱ་བ་རྩག་རྩིག་ཁ་བརྡ་བྱས། རྣམ་པ་དེ་ནི་འབྲི་ཆུའི་མགོ་ཁུངས་སྡེ་བའི་ཁྱིམ་ཚང་རེ་རེའི་སྐྱིད་པའི་འཚོ་བ་རེད། 

ད་ལོར་ལོ66ལ་སོན་པའི་ཀུན་དགའ་རྣམ་རྒྱལ་གྱི་ལུས་ཕུང་ཧ་ཅང་བཟང་།2004ལོར་རི་འདབས་སུ་གནས་སྤར་ཏེ། ཁོ་ཚོས་སྲིད་གཞུང་གིས་ཁྱིམ་ཚང་རེ་རེར་གཅིག་གྱུར་འཆར་འགོད་སྒོས་འཛུགས་སྐྲུན་བྱས་པའི་སྨི་གྲུ་བཞི་མ300ཅན་གྱི་སྡོད་ཁང་གསར་པའི་ནང་དུ་བདེ་སྐྱིད་ཀྱི་འཚོ་བ་རོལ་མགོ་བརྩམས། ཀུན་དགའ་རྣམ་རྒྱལ་གྱི་མིག་ཟུང་དུས་དང་རྣམ་པ་ཀུན་ཏུ་རང་གི་ཆུང་མ་དང་མི་འབྲལ་ལ། ཆུང་མས་དགའ་སྤྲོའི་ངང་བརྙན་འཕྲིན་ལ་ལྟ་བའི་རྣམ་པ་མཐོང་རྗེས། ཁོའི་གདོང་ལ་ཡིད་ཚིམ་པའི་མདངས་ཤིག་ཤར།ཀུན་དགའ་རྣམ་རྒྱལ་གྱི་སེམས་སུ་རྒད་མོའི་ནད་འདི་ནི་རི་མགོ་རུ་འདུག་ཡུན་རིང་བའི་དབང་གིས་བྱུང་བ་ཡིན་པས །ཁོས་རང་ཉིད་ཀྱི་ལུས་ཕུང་བདེ་ཐང་ཡིན་པའི་དུས་སྐབས་འདི་དང་བསྟུན་ནས་རྒད་མོར་སྙོར་སྐྱོང་ལེགས་པོ་བྱེད་རྒྱུ་ནི་རང་ཉིད་ཀྱི་གཡོལ་ཐབས་མེད་པའི་འགྲན་འཁྲི་ཡིན་པར་བསམ་ཡོད།

ཀུན་དགའ་རྣམ་རྒྱལ2017ལོར་སྔ་སྣུར་སྒོས་ལས་འཁྱུར་ངལ་གསོ་བྱས་པ་དེ་ཡང་རྒན་མོར་སྙོར་སྐྱོང་ལེགས་པོ་བྱེད་རྒྱུའི་ཆེད་རེད།ཁོར་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་པ་དྲིས་པ་ན། ཁོས་སྐད་ངག་དམའ་མོའི་ཁྲོད་དུ་སེམས་ཐག་ཆོད་པའི་སྟོབས་ཤུགས་ཀྱིས་ཁེངས་བཞིན“ངེད་བཟའ་ཟླ་གཉིས་ཀྱིས་རི་མགོ་ནས་སྐྱིད་སྡུག་མཉམ་མྱོང་བྱས་པའི་དུས་ཡུན་རིང་པོ་དེ་ནི་དངོས་གནས་སླ་མོ་ཞིག་མིན།དེ་བས་ངས་ཁོ་མོར་སྙོར་སྐྱོང་ལེགས་པོ་བྱེད་དགོས”ཟེར།

 “རི་མགོ་རུ་བསྡད་པའི་ལོ་ངོ་དེ་དག་གི་རིང་ལ་དཀའ་སྡུག་མི་ཉུང་བ་ཞིག་མྱངས་ཡོད”ཅེས་ཀུན་དགའ་རྣམ་རྒྱལ་གདོང་ལ་སྡུག་མདོག་ཅིག་ཤར་བ་ལ་བལྟས་ན། ངེས་གཏན་གྱི་སྡོད་གནས་ཤིག་ཀྱང་མེད་པའི་སྔོན་ཆད་ཀྱི་དབུལ་པོ་དབུལ་ནག་གི་དུས་སྐབས་དེ་ཕྱིར་དྲན་བྱེད་བཞིན་པ་ཤེས་ཐུབ།

 2004ལོའི་ཡར་སྔོན་ལ། ཀུན་དགའ་རྣམ་རྒྱལ་བཟའ་མི་གང་བོ་གདང་ལ་རི་བོ་གྲོང་རྡལ་གྱི་མཚོ་བརྒྱ་མ་སྡེ་བར་ཡོད་ལ།རྩྭ་ཆུ་སྙེག་བཞིན་ཕྱུགས་ཟོག་འཚོ་བའི་དཀའ་སྡུག་གི་འཚོ་བ་རོལ་བཞིན་ཡོད།ཀུན་དགའ་རྣམ་རྒྱལ་བཟའ་མི་གང་བོར་བལ་འབྲེག་པ་དང་ནོར་ཁུལ་ལེན་པ་ལས་དཔལ་འབྱོར་གྱི་ཡོང་སྒོ་གཞན་པ་གང་ཡང་མེད།ཕྱུགས་ཟོག་ལ་བརྟེན་ནས་འཚོ་བ་རོལ་དགོས་པའི་དབང་གིས་རྩྭ་སར་གནོད་འཚེ་ཆེན་པོ་ཐེབས། 

ཀུན་དགའ་རྣམ་རྒྱལ་ཚང་ནི“ཧྥུན་ཧའོ་རི་བོ”ཞེས་པའི་གནས་དེར་འཚོ་སྡོད་བྱས་ཡོད་ལ།གནས་དེར་མཚོ་ངོས་ལས་མཐོ་ཚད་ལ་སྨི4700ནས5000ཡོད།མཚོ་ངོས་ལས་ཧ་ཅང་མཐོ་བའི་དབང་གིས་ཆུང་མར་སྙིང་ནད་དང་གྲིམ་བུའི་ནད་ཕོག་པ་དང་།དེའི་ཁར་ཁ་བ་བུ་ཡུག་གི་ཁྲོད་ནས་གཞན་གྱི་ཕྱུགས་ཟོག་འཚོས་ཏེ་དཀའ་སྡུག་མང་པོ་མྱངས་པས་ནད་རིགས་མང་པོས་བཟུང་ཞིང་།བསྟུད་མར་གཤགས་བཅོས་ཐེངས་གསུམ་བྱས་པ་རེད།ཁོ་ཚང་ལ་མཚོན་ན་དབྱར་དགུན་སྟོན་དཔྱིད་མེད་པར་སྦྲ་གུར་ནང་དུ་བསྡད་ཡོད་པས།དབྱར་ཁར་ཚོར་སྣང་དེ་འདྲ་མེད་མོད།འོན་ཀྱང་དགུན་ཁའི་གྲང་ལྷགས་ནི་བཟོད་ཐབས་མེད་པ་ཞིག་རེད།དེ་ལས་གཞན་ད་རུང་རི་མགོ་རུ་བསྡད་ཡོད་པས་འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་ལ།ཕྱི་རོལ་དུ་འགྲོ་དགོས་ན་རྟ་དང་ནོར་ལ་བརྟེན་དགོས།“གྲོང་རྡལ་དུ་ཐེངས་གཅིག་ལ་འཚོ་བའི་མཁོ་དངོས་ཉོ་རུ་འགྲོ་དགོས་ན་ཉིན་བཞི་ནས་ལྔ་ཡི་དུས་ཡུན་དགོས་པ་རེད”ཅེས་ཀུན་དགའ་རྣམ་རྒྱལ་གྱིས་ཤུགས་རིང་འབྱིན་བཞིན་དེ་ལྟར་བཤད། 

འཚོ་བའི་ཁོར་ཡུག་གི་ཆ་རྐྱེན་ཞན་པའི་དབང་གིས་སྙིང་ནད་དང་གྲིམ་བུའི་ནད།དལ་གཤིས་གློ་ཚད།གློ་གཅོང་སོགས་ཀྱི་ནད་བྱུང་བ་ནི་ཀུན་དགའ་རྣམ་རྒྱལ་ཚང་ཁོ་ན་མ་ཡིན་པར་སྡེ་དམངས་མང་པོ་ཞིག་ལ་ནད་དེའི་རིགས་བྱུང་ཡོད་མོད།འོན་ཀྱང་ལམ་ཐག་རིང་བས་སྡེ་དམངས་རྣམས་ཀྱི་ནད་གཞི་ལ་དུས་ཐོག་ཏུ་ནད་བཅོས་མ་ཐོབ་པར་ནད་ཆུང་ངུ་དེ་དག་ནད་ལྗིད་མོར་གྱུར་པ་རེད། དེས་མི་ཚད་ད་རུང་སྦྲུམ་མས་ཕྲུ་གུ་ལམ་བར་དུ་བཙའ་བའམ་ཡང་ན་བཙའ་མ་ཐུབ་པར་ཚེ་ལས་འདས་པ་སོགས་ཀྱི་གནས་ཚུལ་མང་པོ་འབྱུང་བཞིན་ཡོད།“སྐབས་དེར་སྨན་བཅོས་ལ་འགན་སྲུང་བྱེད་མི་ཐུབ་ལ།སློབ་གསོའི་ཐད་ཀྱི་གནད་དོན་དེ་བས་ཀྱང་མང་།སྡེ་དམངས་མང་ཆེ་ཤས་ཤིག་ལ་བྱིས་པར་སློབ་གསོ་མྱང་དུ་འཇུག་པའི་འདུ་ཤེས་ཡེ་ནས་མེད་པར་ཕྱུགས་རྫི་དང་ལུག་རྫི་བྱེད་དུ་འཇུག་བཞིན་ཡོད།”སྔོན་ཆད་ཀྱི་འཚོ་བས་ཀུན་དགའ་རྣམ་རྒྱལ་ལ་དཀའ་སྡུག་མི་ཉུང་བ་མྱོང་དུ་བཅུག་པས།ཁོས་མི་རབས་རྗེས་མ་རྣམས་ཀྱིས་དཀའ་སྡུག་མང་པོ་མི་མྱོང་བར་རེ་བ་བྱེད་ཀྱིན་ཡོད། 

2004ལོའི་དབྱར་ཁར།ཏང་གི་སྲིད་ཇུས་བཟང་པོའི“དཔྱིད་རླུང”གདང་ལ་རི་བོར་ལྡང་ཞིང་།གདང་ལ་རི་བོའི་ཁྱིམ་ཚང128དང་འབྲོག་པ407གྱི་སེམས་ཁོང་དུ་ལྡང་བྱུང་། ལོ་དེར་གདང་ལ་རི་བོ་གྲོང་རྡལ་དུ་ཏང་ཡོན་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དང་།ཀུན་དགའ་རྣམ་རྒྱལ་ཡང་དེའི་ནང་དུ་ཞུགས།གསོ་སྦྱོང་འཛིན་གྲྭའི་ནང་དུ་ཞུགས་སྐབས་སུ། ཀུན་དགའ་རྣམ་རྒྱལ་གྱིས་རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་ལས་གཞི་ལག་བསྟར་བྱེད་རྒྱུ་ཡིན་པའི་གཏམ་བཟང་དེ་རང་གི་ཆུང་མར་བཤད། “ལག་པ་བཀྱགས་ནས་བརྡས་ཐག་བཅད་པ་བརྒྱུད།མཇུག་མཐར་ཁོ་རང་འདུས་པའི་སྡེ་དམངས128པོ་ཚང་མ་རང་འཐད་སྒོས་འབྲི་ཆུའི་མགོ་ཁུངས་སྡེ་བ་ནས་སྤྱི་ལེ400ལྷག་གི་ཕ་རོལ་དུ་ཡོད་པའི་ན་གོར་མོ་གྲོང་ཁྱེར་དུ་གནས་སྤར། དེ་ལྟར་བྱས་ན་གཅིག་ནས་མཚོ་ངོས་ལས་མཐོ་ཚད་ཇེ་དམའ་རུ་སོང་བས།ནད་ལ་ལྟ་བ་དང་བྱིས་པས་སློབ་གསོ་མྱོང་བར་སྟབས་བདེ་བཟོ་ཐུབ་ལ།ཕྱོགས་གཞན་ཞིག་ནས་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱས་ཏེ།གནས་དེའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་ཐུབ”ཅེས་ཀུན་དགའ་རྣམ་རྒྱལ་གྱིས་ཁོའི་སེམས་ཁོང་གི་སྐད་ཆ་དེ་བཤད་བྱུང་། 

“སྔོན་ཆད་ང་ཚོ་བསྡད་མྱོང་བའི་དག་ཞིང་དེར་སྲུང་སྐྱོབ་བྱེད་པ”དང“རྒྱལ་ཁབ་ཀྱི་ཆེད་དུ་བྱས་རྗེས་ཏིལ་ཙམ་བཞག་ན། ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་ཁེ་གྱོང་རེག་ཏུ་འཇུག་མི་སྲིད།ང་ཚོ་ཏང་དང་རྒྱལ་ཁབ་ལ་ཡིད་ཆེས་བརྟན་པོ་ཡོད”ཅེས་བཅར་འདྲིའི་ཁྲོད་དུ་རྒན་པས་སྐད་ཆ་དེ་ཡང་ནས་བསྐྱར་དུ་བཤད།

 “སྐྱིད་པའི་ཉི་མ་ད་རུང་རྗེས་སུ་ཡོད”ཅེས་པའི་སྐད་ཆ་དེ་ད་ལྟ་འབྲི་ཆུའི་མགོ་ཁུངས་སྡེ་བ་རུ་མངོན་འགྱུར་བྱུང་ཡོད།འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་དམངས་རྣམས་ཀྱི་འཚོ་བ་སྔར་ལས་སྐྱིད་པོ་ཡོང་ཆེད།ན་གོར་མོ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གིས་སྔ་གཞུག་ཏུ་མ་དངུལ་སྒོར་ཁྲི3000ལྷག་བཏང་ནས།ཆུ་གློག་ལམ་གསུམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་ཆེར་བཏང་། 

“ད་ལྟ་ངས་རྒྱལ་ཁབ་ཀྱི་རྩྭ་སའི་ཁ་གསབ་མ་དངུལ་དང་རྒན་གསོ་མ་དངུལ། གཞན་ད་རུང་མི་རེར་ལོ་རེར་སྒོར5600ཡི་འཚོ་བའི་དཀའ་ཁག་ཁ་གསབ་དང་ཁྱིམ་ཚང་རེར་ལོ་རེར་སྒོར3000གི་འབུད་ཤིང་ཁ་གསབ་ལོངས་སྤྱོད་བྱེད་ཀྱིན་ཡོད་ལ།ངེད་བཟའ་ཟླ་གཉིས་ཀྱང་རྒན་གསོ་ཉེན་སྲུང་དང་སྨན་བཅོས་ཉེན་སྲུང་གི་ནང་དུ་ཞུགས་ཡོད་པས།ད་ལྟ་ངེད་གཉིས་ཀྱི་ཚེ་མཇུག་གི་འཚོ་བ་ཧ་ཅང་སྐྱིད་ལ། འབྱོར་འབྲིང་འཚོ་བའི་ཕྱོགས་སུ་གོམ་པ་སྤོ་བཞིན་ཡོད་པས། ངེད་བཟའ་ཟླ་གཉིས་ཀྱིས་ལུས་ཕུང་བདེ་ཐང་ངང་ཚེ་མཇུག་གི་འཚོ་བ་སྐྱིད་པོ་ལོངས་སུ་སྤྱོད་ཐུབ་པར་རེ་བ་བྱེད་ཀྱིན་ཡོད”ཅེས་ཀུན་དགའ་རྣམ་རྒྱལ་ད་ལྟའི་འཚོ་བར་ཡིད་ཚིམ་ཡོད་པར་མ་ཟད། མ་འོངས་པའི་འཚོ་བར་ཡིད་ཆེས་ཀྱིས་བརྟས་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།