སྐྱེ་ཁམས་ཁོར་སྲུང་པ་རྒྱ་མཚོའི་ཕུགས་བསམ་ཡག་པོ།

རྒྱ་མཚོ་དང་འཕྲད་སྐབས་ཁོས་ཉིན་གཅིག་གི་སྐོར་སྲུང་བྱ་བ་མཇུག་རྫོགས་མ་ཐག་རེད།

ཁོ་རང་སྡོད་སའི་ཧའེ་ཡན་རྫོང་ཝ་མགྱོགས་ཞང་མདའ་བཞི་སྡེ་བའི་ཉེ་འགྲམ་གྱི་རྩྭ་ཐང་ནས་མཚོ་སྔོན་པོའི་འགྲམ་རྒྱུད་བར་གྱི་ལམ་བུ་དེའི་སྟེང་རྒྱ་མཚོ་མི་ལོ20ལྷག་ལ་ཕར་འགྲོ་ཚུར་འོང་བྱས་མྱོང་། ཁོ་རང་ཉིད་ཀྱིས་བསྐྱབས་ཤིང་གསོས་པའི་རྒོ་དམར་བཅུ་ལྷག་ལ་བུད་ཡོད།

2016ལོར་རྒྱ་མཚོ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཕུལ་བྱུང་གུང་ཁྲན་ཏང་ཡོན་དུ་བདམས་པ་དང་། དུས་མཚུངས་སུ། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱིས་སྐྱེ་ཁམས་བདག་སྐྱོང་པར་བདམས་ཏེ། མཚོ་སྔོན་པོའི་ཉེ་འཁོར་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་བྱ་བ་བསྒྲུབས། 1996ལོ་ནས་བཟུང་རྒྱ་མཚོས་རིན་འབབ་མེད་པར་མཚོ་སྔོན་པོའི་འགྲམ་གྱི་གད་སྙིགས་བཏུས་ཤིང་། སྟོངས་ལ་ཉེ་བའི་རྒོ་དམར་ལ་དོ་ཁུར་དང་སྲུང་སྐྱོབ་བྱས།

པར་ཆས་དང་། རྒྱང་མཐོང་། བྱ་བའི་ལག་དེབ། བཟོ་ཁུག མྱུར་སྐྱོབ་ཁུག་མ་དང་སྐམ་པ་སོགས་ནི་རྒྱ་མཚོས་ཉི་མ་རེ་རེར་ངེས་པར་འཁྱེར་བཞིན་པའི“ལག་ཆ”རེད།

“པར་ཆས་ནི་རྒོ་དམར་དང་ཁྲུང་ཁྲུང་སྐེ་ནག་པར་དུ་ལེན་པའི་ཆེད་ཡིན་ལ། རྒྱང་མཐོང་ནི་དེ་ཚོར་ལྟ་ཞིབ་བྱེད་པའི་ཆེད་ཡིན།བྱ་བའི་ལག་དེབ་ཀྱིས་གཞི་གྲངས་གལ་ཆེན་གྱི་འགྱུར་བ་ཟིན་ཐོར་འགོད་བཞིན་ཡོད་པ་དང་། མྱུར་སྐྱོབ་ཁུག་མ་དང་སྐམ་པས་སེམས་ཆུང་མ་བྱས་པར་ལྕགས་རའི་སྟེང་ཐོགས་པའི་རྒོ་དམར་དང་བརླན་སའི་ཐོག་འདབ་ཆགས་རྨས་མ་མཐོང་ཚེ་དུས་ཐོག་ཏུ་མྱུར་སྐྱོབ་བྱེད་པའི་ཆེད་དང་། ཁུག་མ་ནི་མཚོ་འགྲམ་གྱི་གད་སྙིགས་སྡུད་ཆེད་རེད།” “ད་ལོར་དོ་དམ་ཅུས་ཀྱིས་ང་ཚོར་ངོས་གཅིག་གློག་ཀླད་རེ་བྱིན་པ་དང་། གློག་ཀླད་ནང་གི་མ་ལག་ལས་ཉིན་དེའི་སྐོར་གཟིགས་ལམ་ཐིག་དང་ས་ཁྲ་མཐོང་ཐུབ་པས། སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱིས་དུས་ཚོད་དང་པོའི་ནང་དུ་མཚོ་སྔོན་པོའི་ཉེ་འཁོར་གྱི་སྐྱེ་ཁམས་གནས་ཚུལ་ལ་རྒྱུས་ལོན་བྱེད་ཐུབ” ཅེས་རྒྱ་མཚོས་དེ་ལྟར་བཤད།

དཔྱིད་མགོའི་འཁྱག་བསིལ་ནས་དགུན་གཞུང་གི་གྲང་ངར། ཚ་གདུག་ཆེ་བ་ནས་ཆར་ཆེན་ཤག་ཤག་འབབ་པའི་དུས་གང་ཞིག་ཡིན་རུང་། སྐྱེ་ཁམས་སྐོར་སྲུང་བྱ་བ་བསྒྲུབ་པར་རྒྱ་མཚོ་ཉིན་གཅིག་ལའང་ཆད་མ་མྱོང་ཞིང་། འཁྱག་ཤུར་ཤུར་གྱི་མཚེའུའི་ནང་གི་གད་སྙིགས་གཙང་སེལ་བྱེད་པར་འཁང་ར་ཅི་ཡང་བྱས་མ་མྱོང་། ཁོས་དེ་ལྟར་རྒྱུན་འཁྱོངས་བྱེད་པ་ནི་ཨ་ཕྱིས་བཤད་པའི་སྐད་ཆ་ཞིག་ལ་འབྲེལ་བ་ཡོད།

“ལོ་ན་ཆུང་དུས་ངས་ཨ་ཕྱིའི་ངག་ནས་འདི་ལྟར་བཤད་པ་ཐོས་མྱོང་སྟེ། སྔོན་ཆད་མཚོ་སྔོན་པོའི་འགྲམ་གྱི་སྐྱེ་དངོས་རིགས་ཕུན་སུམ་ཚོགས་ལ། རྩྭ་ཐང་རབ་ཏུ་མཛེས། སྐབས་དེའི་རྩྭའི་སྐྱེས་ཚད་ནི་རྟའི་ཕོ་བའི་ཞབས་སུ་སླེབས་ཐུབ་ལ། རླུང་བུ་གཡུག་ཚེ་ལྗང་མདོག་གི་རླབས་རིས་མཐོང་ཞིང་། ཁྱུ་དང་ཁྱུ་བྱས་པའི་རྒོ་དམར་དང་འབྲོག་པའི་ལུག་ཁྱུ་མཉམ་དུ་འདྲེས་ཤིང་། རྩྭ་ལོའི་གསེབ་ཏུ་སོས་དལ་ངང་སྔོ་རྩྭ་ཟ་བཞིན་ཡོད། གད་སྙིགས་གང་སར་སྤུངས་མེད་པར་རི་སྐྱེས་སྲོག་ཆགས་དང་འབྲོག་པ་འཆམ་མཐུན་ངང་མཉམ་དུ་འཚོ་བ་རོལ་བཞིན་ཡོད།”ཨ་ཕྱིའི་སྐད་ཆའི་ནང་གི་ཡུལ་ལྗོངས་དེ་རྒྱ་མཚོས་མཐོང་མ་མྱོང་ལ། རྩྭ་ས་ཞན་འགྱུར་གྱི་དུས་རིམ་བརྒྱུད་མྱོང་བའི་ཁོའི་དྲན་ངོགས་སུ་ཕ་ཡུལ་གྱི་མཛེས་ལྗོངས་ལ་སྤྲོ་བ་རབ་ཏུ་སྐྱེས་པ་དང་། འཇིག་རྟེན་ན་ཡོད་པའི་སྐབས་སུ་ཨ་ཕྱིའི་བཤད་པའི་མཛེས་ལྗོངས་དེ་མཐོང་འདོད་ཀྱི་རེ་བ་ཆེ། དེར་བརྟེན། ལོ་ངོ20ལྷག་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བགྲོད་ལམ་དཀའ་ཁག་ཆེ་ནའང་། ཁོ་ལ་མཚོན་ན་དོན་སྙིང་གཞན་དང་མི་མཚུངས་པ་ཞིག་ཡོད།

“ཐོག་མར་མགོ་རྩོམ་སྐབས། ངས་ཤེས་པ་ནི་གད་སྙིགས་ཀྱིས་རྩྭ་ས་དང་མཚོ་མོར་སྦགས་བཙོག་བཟོས་ཡོད་པ་དེ་ཡིན་ལ། སྲོག་ཆགས་ཀྱིས་འགྱིག་ཤོག་ཟོས་ཚེ་རྩ་བ་ནས་སྐྱོབ་ཐབས་མེད་པ་དང་། རྒོ་དམར་ལ་སྲུང་སྐྱོབ་བྱེད་དོན་ནི་དེ་དག་སྟོངས་ལ་ཉེ་བའི་དབང་གིས་ཡིན།འོན་ཀྱང་སྲོག་ཆགས་སྲུང་སྐྱོབ་ཀྱི་དོན་སྙིང་ངོ་མ་དེ་མི་ཤེས།”རྒྱ་མཚོས་གསར་འགོད་པར་བཤད་རྒྱུར། 2013ལོར། པེ་ཅིན་ནས་ཡོང་བའི་ཆེད་མཁས་པ་ཞིག་གིས་མཚོ་སྔོན་པོར་རྟོག་ཞིབ་བྱས་ཤིང་། རྒྱ་མཚོའི་དོགས་གཞི་དག་ལ་དམིགས་ནས། ཁོས་རྒྱ་མཚོ་ལ་ལྕགས་ཐུར་ཞིག་གིས་སོ་སོར་རྒོ་དམར་འགུལ་སྐྱོད་བྱེད་ས་དང་དུས་རྒྱུན་འཚོ་སྡོད་མི་བྱེད་སའི་ས་ཕྱོགས་གཉིས་ཀྱི་ས་གཤིས་ཀྱི་སྲ་སྙིའི་ཚད་ལ་ལྟ་ཞིབ་བྱེད་དུ་བཅུག་པ་ན། ས་ཕྱོགས་གཅིག་གི་ས་ནི་སྲ་བ་དང་གཅིག་ནི་སྙི་མོ་ཡིན་པ་ཤེས་བྱུང་། སྲ་མོ་ཡིན་པའི་ས་ཆར་རྩྭའི་སྐྱེ་སྟོབས་བཟང་ཞིང་། སྙི་མོ་ཡིན་པའི་ས་ཆར་ས་ཤིན་ཏུ་འབོལ། ལོ་རེའི་དཔྱིད་ཀར། རྒོ་དམར་འགུལ་སྐྱོད་བྱེད་སའི་ས་ཐོག་གི་སྐྱེ་དངོས་ལ་མྱུ་གུ་འབུས་ཚད་ས་ཆ་གཞན་ལས་སྔ་བ་རེད། ཁོ་ཚོའི་རིལ་མ་ནི་རང་བྱུང་གི་ལུད་རྫས་ཡིན་པས། རྩྭའི་སྐྱེ་སྟོབས་ལ་སྐུལ་འདེད་གཏོང་ཐུབ། “གད་སྙིགས་མེད་ན་སྲོག་ཆགས་ཀྱི་ཁྱུ་ཚོགས་སླར་གསོ་དང་རྩྭའི་སྐྱེ་སྟོབས་ལ་ཕན་པ་ཡོད”རྒྱ་མཚོས་དེ་ལྟར་བཤད།

ད་སྐབས་ཀྱི་རྒྱ་མཚོས་སྔར་ལས་ལྷག་པའི་སྒོ་ནས་རང་གི་ལུས་སྟེང་གི་འགན་འཁྲི་ཤེས་ཡོད་ལ། མུ་མཐུད་དུ་ཉེ་འཁོར་གྱི་མི་རྣམས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་སྲུང་ཁྲོད་ཞུགས་པར་སྐུལ་སློང་བྱེད་བཞིན་ཡོད། “ཨ་ཕ། ཁྱེད་ཀྱིས་སེམས་བདེ་མོ་བྱོས། མཚོ་སྔོན་པོ་ནི་ང་ཚོའི་ཁྱིམ་གཞིས་ཡིན། ཁྱེད་རང་རྒས་ནས་འགྲོ་མི་ཐུབ་པའི་སྐབས་སུ། ང་རང་ཡོང་ནས་མཚོ་སྔོན་པོའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད”ཅེས་རྒྱ་མཚོའི་ཞི་ལིས་ཁོ་ལ་དེ་ལྟར་བཤད་བྱུང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།