མཚོ་ལྷོ་ཁུལ་གྱིས་དམངས་ཕན་འཛད་སྤྱོད་དུས་ཚིགས་ཀྱི་ཡིག་གཟུགས་རི་མོ་དུད་ཁྱིམ་དུ་བསྐྱོད་པའི་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས་4ཉིན་ནས་ཚེས་6ཉིན་བར། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། མཚོ་ལྷོ་ཁུལ་རིག་གནས་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་ལྷོ་ཁུལ་སྤྱིའི་བཟོ་ཚོགས། མཚོ་ལྷོ་ཁུལ་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་འབྲོག་སའི་ཞོས་ལུང་རིག་གནས་ལུས་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིས་རོགས་སྒྲུབ་བྱས་པའི་དམངས་ཕན་འཛད་སྤྱོད་དུས་ཚིགས་ཀྱི་ཡིག་གཟུགས་རི་མོ་དུད་ཁྱིམ་དུ་བསྐྱོད་པའི་སྐོར་བསྐྱོད་བྱ་འགུལ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་བཟོ་བའི་བྱ་འགུལ་ལྟེ་གནས་སུ་སྤེལ། 

རིམས་ནད་ཀྱི་དཔལ་འབྱོར་སྤྱི་ཚོགས་ལ་ཤུགས་རྐྱེན་བཟོས་པར་གདོང་གཏད་དེ། མཚོ་ལྷོ་ཁུལ་གྱིས་མཚོ་སྔོན་གྱི་རྨ་ཆུ་དང་ཙོང་ཆུའི་རིག་གནས་ཀྱི་དམངས་ཕན་འཛད་སྤྱོད་དུས་ཚིགས་དང་ཟུང་འབྲེལ་སྒོས། རྒྱལ་ཁབ་ཀྱི་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཐབ་ཇུས་ཁྲོད་འདྲེས་སུ་བཅུག་ཏེ། ཧུར་ཐག་གིས་བྱ་འགུལ་སྤེལ། ཕྱོགས་གཅིག་ནས་རིག་གནས་སྒྱུ་རྩལ་གྱི་བརྩེ་བ་དར་སྤེལ་བཏང་སྟེ། མི་སེམས་གཅིག་སྒྲིལ་གྱི་བྱེད་ནུས་འདོན་པ་དང་། ཕྱོགས་གཞན་ཞིག་ནས་སྒྱུ་རྩལ་བ་དང་མང་ཚོགས་བར་སྤྱི་བའི་འོས་སྦྱོར་གྱི་སྟེགས་བུ་ཞིག་འཛུགས་སྐྲུན་བྱས་པར་བརྟེན་ནས། ཡིག་གཟུགས་དང་རི་མོ་དེ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་པའི་དུས་མཚུངས་སུ། སྤུས་ཚད་མཐོ་བའི་རིག་གནས་སྒྱུ་རྩལ་གྱི་མཁོ་འདོན་རྒྱ་བསྐྱེད་དེ། རིག་གནས་འཛད་སྤྱོད་ཀྱི་དཔལ་འབྱོར་ཡོང་སྒོ་འཕར་བསྣོན་གསོ་སྐྱོང་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་། 

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱིས་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་150འགྲེམ་སྟོན་བྱས་པ་དང་། དེའི་ཁྲོད་རྒྱལ་ནང་གི་མིང་དུ་གྲགས་པའི་བརྩམས་ཆོས་15ཡོད། དེ་ལས་གཞན་ཐེངས་འདིའི་བྱ་འགུལ་གྱིས་ཡིག་མཁན་གྱི་བརྩམས་ཆོས་ཁ་ཤས་གཏམ་ཚོང་བྱས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།