མཚོ་སྔོན་ཞིང་ཆེན་གྱིས“ཤེས་ལྡན་མི་སྣ+རྣམ་གྲངས”ཀྱི་རྒྱབ་སྐྱོར་ཞབས་ཞུའི་སྲིད་ཇུས26བཏོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཤེས་ལྡན་མི་སྣ་ནང་འདྲེན་དང་གཅིག་བསྡུས་བྱེད་ཤུགས་ཆེ་རུ་གཏོང་ཆེད་དང་། རིགས་ཁག་གི་ཤེས་ལྡན་མི་སྣར་ལས་རིགས་གསར་གཏོད་ཀྱི་ཁོར་ཡུག་བཟང་པོ་དང་ནུས་པ་ལྡན་པའི་འགན་ལེན་མཁོ་འདོན་བྱེད་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་《མཚོ་སྔོན་ཞིང་ཆེན་གྱིས“ཤེས་ལྡན་མི་སྣ+རྣམ་གྲངས”ཀྱི་རྒྱབ་སྐྱོར་ཞབས་ཞུའི་བྱེད་ཐབས(ཚོད་ལྟའི་ལག་བསྟར)》ཞིབ་འཇུག་བྱས་ཏེ་གཟིགས་སྐྱོང་སྲིད་ཇུས26བཏོན་ཡོད། གོང་གསལ་གྱི་བྱེད་ཐབས་ལྟར་གསར་གཏོད་ལ་སྐུལ་སློང་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱི་པའི་ལག་རྩལ་སྟེགས་བུ་མཉམ་སྤྱོད་ཞབས་ཞུའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལག་རྩལ་གྲུབ་འབྲས་སྣ་ཚོགས་ཀྱི་ཉོ་ཚོང་གཞན་སྒྱུར་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱེད་པ། ལག་རྩལ་གྱི་ཚད་གཞིའི་འཐབ་ཇུས་སོགས་དོན་དངོས་བྱ་ཐབས་ལག་ལེན་དུ་བསྟར་བར་སྐུལ་མ་བྱས་ཏེ་རྩེར་སོན་ཤེས་ལྡན་པའི་རྣམ་གྲངས་མཚོ་སྔོན་དུ་འཕེལ་རྒྱས་གཏོང་བར་གཅིག་སྡུད་ཤུགས་ཆེན་གཏོང་བ། ཞིང་ཆེན་རིམ་པས་“ཤེས་ལྡན་མི་སྣ+རྣམ་གྲངས”ལ་རྒྱབ་སྐྱོར་བྱེད་པ་གཙོ་གནད་དུ་བཟུང་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་པའི་ལག་རྩལ་སྟེགས་བུའི་ལག་རྩལ་གསར་སྤེལ་དང་། ཚོད་ལྟ། ཆ་འཕྲིན་ཐོན་ཁུངས། སྤྱི་པའི་སྒྲིག་བཀོད། ཐོན་རྫས་ཇུས་འགོད་བཅས་དང་དེ་བཞིན་ལས་སྣོན་དང་། ཞིབ་དཔྱད་ཚད་ལེན། ཁྱབ་གདལ་སོགས་ཐད་ཀྱི་ཞབས་ཞུ་མཉམ་སྤྱོད་ཐུབ་པ་བྱེད་དགོས། ཚན་རྩལ་གྲུབ་འབྲས་ནི་ཞིང་ཆེན་གྱི་ཕྱི་རོལ་ནས་བྱུང་ཡང་རང་ས་གནས་སུ་དོན་ཐོག་ཏུ་འཁྱོལ་བར་ལེགས་འགྲུབ་བྱུང་ན། གྲུབ་འབྲས་ཐོབ་མཁན་ཕྱོགས་ལ20%ཡི་ནོར་སྲིད་མ་དངུལ་གྱི་ཁ་གསབ་རོགས་དངུལ་སྤྲོད་པ་དང་རྣམ་གྲངས་རེར་ཁ་གསབ་རོགས་དངུལ་མཐོ་ཤོས་སྒོར་ཁྲི100སྤྲོད་དགོས།

ཚན་རིག་ཞིབ་འཇུག་སྟེགས་བུ་འཛུགས་པར་ཤུགས་སྣོན་རྒྱག་པའི་ཐད། མཚོ་སྔོན་དུ་ཁེ་ལས་ཆེ་གྲས་ཀྱི་ཞིབ་འཇུག་གསར་སྤེལ་ལས་ཁུངས་སམ་གསར་གཏོད་སྟེགས་བུ་འཛུགས་པར་སྐུལ་མ་དང་། “ཚན་རིག་ཞིབ་འཇུག་”གི་དཔེ་དབྱིབས་འཚོལ་ཞིབ་བྱེད་པ་དང་། “ཤེས་ལྡན་མི་སྣ་+རྣམ་གྲངས་”ཀྱི་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་སྟེགས་བུ་བསྐྲུན་པར་རྒྱབ་སྐྱོར། རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་སྟེགས་བུ་ལ་མཚོ་སྔོན་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་སྐུལ་ལྕག་བྱས་ནས“ཤེས་ལྡན་མི་སྣ་དང་རྣམ་གྲངས་ཟུང་འབྲེལ”གྱིས་བདེ་ཐང་ངང་འཕེལ་རྒྱས་འབྱུང་བའི་ཁོར་ཡུག་ལེགས་པོ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་དགོས། ཞིང་ཆེན་ཕྱི་རུ་བཙུགས་ཡོད་པར་དཔྱད་དཔོག་བྱས་པ་བརྒྱུད་ཞིང་ཆེན་རིམ་པའི་ཞིབ་འཇུག་གསར་སྤེལ་ལས་ཁུངས་གསར་གྲས་སུ་མིང་བཏགས་པའི་རིགས་ལ། ཐེངས་གཅིག་ལ་སྒོར་ཁྲི100ཡི་བྱ་དགའ་སྤྲོད་པ་དང་། མཚོ་སྔོན་དུ་བྱ་བ་སྒྲུབ་པར་གདན་ཞུ་བྱས་པའི་མཐོ་རིམ་ཤེས་ལྡན་མི་སྣ་ཡོངས་ཀྱིས་ཞིང་ཆེན་རིམ་པའི་ཤེས་ལྡན་མི་སྣའི་འཆར་གཞིའམ་ཡང་ན་ཚན་ཞིབ་རྣམ་གྲངས་རེ་ཞུ་བྱས་ཆོག་ལ། གསར་དུ་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་སོགས་འཛུགས་སྐྲུན་བྱེད་པའི་རིང་ལོ་ལྟར་སྒོར་ཁྲི200ཡི་འཛུགས་སྐྲུན་དང་འཁོར་སྐྱོད་འགྲོ་གྲོན་གྱི་རྒྱབ་སྐྱོར་བྱེད་རྒྱུ་དང་དུས་ཡུན་ལོ་5ལས་བརྒལ་མི་རུང་། 

ལས་རིགས་གསར་གཏོད་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ལས་རིགས་གསར་གཏོད་སྒྲིག་བཀོད་ཀྱི་རྒྱབ་སྐྱོར་བྱས་ཏེ། རིགས་མི་འདྲ་བའི་ཤེས་ལྡན་མི་སྣས་རང་འགུལ་གྱིས་ལས་རིགས་གསར་གཏོད་བྱེད་པར་རོགས་རམ་བྱེད་པ་དང་། དངུལ་ཁང་གི་འགན་བཅོལ་ལས་ཁུངས་ཀྱིས་ཤེས་བྱའི་ཐོན་དངོས་བདག་དབང་གཏའ་འཇོག་དངུལ་བསྡུའི་ལས་སྒོ་སྤེལ་བར་སྐུལ་མ་གཏོང་དགོས་ལ། ཁྲོམ་རའི་སྟེང་ཁེ་ལས་སྒོ་བྱང་འགེལ་བའི་མ་དངུལ་བསྡུ་སྒྲིལ་སོགས་ཀྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པ་དང་། རིགས་མི་འདྲ་བའི་ལས་རིགས་གསར་གཏོད་ལ་སྐུལ་ལྕག་བྱས་ཏེ་རེ་ཞུའི་དུས་ཡུན་ལོ་གསུམ་གྱི་ལས་རིགས་གསར་གཏོད་འགན་སྲུང་དངུལ་བུན་ལས་མི་བརྒལ་བ་དང་གཏན་འབེབས་ལྟར་དངུལ་བུན་སྐྱེད་ཀ་སྤྲོད་དགོས། འཛམ་གླིང་གི་སྟོབས་ལྡན་ཁེ་ལས500དང་། ཀྲུང་གོའི་སྟོབས་ལྡན་ཁེ་ལས500། ཀྲུང་གོའི་དམངས་གཉེར་སྟོབས་ལྡན་ཁེ་ལས500ཡི་མཚོ་སྔོན་དུ་སྒེར་ཚུགས་ཁྲིམས་མིའི་ཞིབ་འཇུག་གསར་སྤེལ་སྒྲིག་གཞིའམ་གསར་གཏོད་སྟེགས་བུ་སྐྲུན་མཁན་ལ། རིམ་པ་བཞིན་དེ་སོ་སོར་སྒོར་ཁྲི500དང་། སྒོར་ཁྲི400 སྒོར་ཁྲི300བཅས་ཐེངས་གཅིག་རང་བཞིན་གྱི་ཚན་ཞིབ་གྲོན་དངུལ་གྱི་བྱ་དགའ་སྤྲོད་དགོས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། ཤེས་ལྡན་མི་སྣ་རྩེ་གྲ་(ཚོགས་པ་)འདེམས་སྒྲུག་བྱེད་པ་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱེད་དགོས་པ་དང་། རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་ཤེས་ལྡན་མི་སྣའི་ཚན་རྩལ་འཆར་གཞིའི་རིགས་སྔོན་ལ་འོས་སྦྱོར་བྱེད་དགོས་པ་དང་། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་ངལ་ལས་གླ་ཆ་དེ་གདན་ཞུའི་ལས་ཁུངས་ཀྱི་མ་རྩའི་ཁྲོད་ནས་བཏང་ཆོག ཁེ་ལས་ཁྲོད་ཀྱི་མཐོ་རིམ་གོ་མིང་ངམ་འབུམ་རམས་པའི་བསླབ་གནས་ཡོད་པའི་ཤེས་ལྡན་མི་སྣ་བརྟན་ཆགས་ལས་གནས་དངོས་ཀྱི་ནང་འཇོག་པའི་སྲིད་ཇུས་ལག་བསྟར་བྱས་ནས། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་བགྲོད་ལམ་ཟམ་མི་ཆད་པར་རྒྱ་ཆེར་གཏོང་དགོས། ལོ་རེར་ཤེས་ལྡན་མི་སྣ་རྩེ་གྲ་(ཚོགས་པ་)30ཡས་མས་གཙོ་གནད་དུ་བདམས་ནས་རྒྱབ་སྐྱོར་བྱེད་དགོས། Aདང་། Bདང་Cབཅས་རིགས་གསུམ་དུ་དབྱེ་ནས་ཁག་སོ་སོར་སྒོར་ཁྲི150དང་། སྒོར་ཁྲི100 སྒོར་ཁྲི40བཅས་ཀྱི་བྱ་དགའ་སྤྲོད་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།