མིན་ཡོན་གྱི་གསེར་མདོག་གི་མེ་ཏོག་རྒྱ་མཚོའི་གླིང་དུ་ཡུལ་སྐོར་གྱི་གྲུབ་འབྲས་གལ་ཆེན་བླངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཞིང་ཆེན་དང་ཁུལ་རིམ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱེད་ཐབས་ནུས་ལྡན་ངང་དོན་འཁྱོལ་དང་སྐུལ་འདེད་གཏོང་ཆེད།   མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མིན་ཡོན་ཧའེ་རིགས་རང་སྐྱོང་རྫོང་གིས་ཡུལ་སྐོར་གྱི་དུས་ཚུགས་བཟང་བོ་དམ་འཛིན་བྱས་ཏེ།  རིགས་ལམ་དང་བྱེད་ཐབས་གསར་སྤེལ་བྱས་ནས་ཧུར་བརྩོན་གྱིས་རིམས་ནད་ཀྱིས་བཟོས་པའི་ཤུགས་རྐྱེན་མི་ལེགས་པ་མེད་པར་བཟོས་པ་དང་།  ནུས་ཤུགས་ཡོད་རྒུས་རིམས་ནད་ཀྱི་བཟོས་པའི་ཡུལ་སྐོར་གྱི་ཡོང་སྒོའི་གྱོང་གུད་ཇེ་ཉུང་དུ་བཏང་ཞིང་།   ཟླ7པར་ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར1.3ལ་སླེབས་པ་དང་།  རིམ་རྩིས་བྱས་ན་ཡུལ་སྐོར་བ་སྣེ་ལེན་བྱས་པ་མི་ཐེངས་ཁྲི35དང་།   དེའི་ནང་ཞིང་ཆེན་ནང་ཁུལ་གྱི་རང་ཉིད་ཀྱིས་རླངས་འཁོར་སྐོར་བའི་ཡུལ་སྐོར་བས་སྤྱི་གྲངས་ཀྱི87%ཡན་ཟིན་པ་རེད།  

མིན་ཡོན་རྫོང་གིས་སྔོན་ཆད་ཡུལ་སྐོར་བ་དག་མིན་ཡོན་ནས་ལྟ་སྐོར་བྱེད་ཡུན་ཐུང་བ་དང་རོལ་མྱོང་བྱེད་ས་མང་པོ་མེད་པའི་རྣམ་པ་གཏོར་ཏེ།   རྟ་གསོ་ར་བའི་ཞིང་ནགས་སྐྱེ་ཁམས་ཞིང་ལས་ལྟ་སྐོར་ཁུལ་དང་།   མདོ་ལ་རི་བོའི་སྐྱེ་ཁམས་ཕྱུགས་ར།   མཁའ་འགྲོ་དམངས་སྲོལ་རོལ་མྱོང་ཁང་།  ཟོང་སྒམ་མགྲོན་ཁང་རོལ་མྱོང་ཁང་སོགས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་བྱེད་ས་སྐོར་ཞིག་ཇུས་འགོད་བྱས་ཏེ་གནས་སྐོར་བས་མིན་ཡོན་ལ་གནས་སྐོར་བྱེད་ས་གསར་བར་གྱུར་ཡོད།

“མཚོ་སྔོན་གྱི་ཡུལ་སྐོར་བ་དག་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི”བྱ་འགུལ་གྱི་རེ་བ་ལག་བསྟར་དོན་འཁྱོལ་བྱ་ཆེད།   མིན་ཡོན་རྫོང་གིས་ད་ལོའི་སྐེ་ཚེའི་མེ་ཏོག་གི་རིག་གནས་ཡུལ་སྐོར་དུས་ཆེན་ལ་ཞུགས་པའི་མི་ཐེངས་དང་ཡུལ་དངོས་ཀྱི་བྱ་འགུལ་གནས་ཚུལ་ཇེ་ཉུང་དུ་ཕྱིན་པའི་རྣམ་པར་དམིགས་ནས།  གོ་སྐབས་བདམས་ཏེ་སྐེ་ཚེ་མེ་ཏོག་རིག་གནས་ཡུལ་སྐོར་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོ་བསྡུས།   དེ་དང་མཉམ་དུ་དྲ་ཐོག་ཏུ་དྲིལ་སྒྲོག་བྱེད་པར་མཐོང་ཆེན་བྱས་ནས།  སྐད་འཕྲིན་གྲོགས་ཚོམས་དང་བརྙན་ཐུང་སྟེགས་བུ་རུ་བསྟོད་པ་དང་སྐད་བཞག་པའི་དཔྱད་འདེམས་བྱ་འགུལ་སྤེལ་བ་སོགས་ད་ལོའི་དྲིལ་སྒྲོག་བྱེད་པའི་གཙོ་གནད་དུ་བཟུང་པས།   མིན་ཡོན་གྱི་འགུགས་ཤུགས་སྔར་ལས་ཇེ་ཆེར་སོང་བ་དང་མིན་ཡོན་ལ་ཡུལ་སྐོར་བྱེད་པའི་མཐོ་རླབས་ཤིག་འཕྱུར་བ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།