ཝང་ཅན་ཅུན་དང་ཞིན་ཁྲང་ཞུན་གྱིས་མུ་རི་གཏེར་ཁུལ་གྱི་ཁྲིམས་འགལ་སྔོག་འདོན་བརྟག་དཔྱད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་མཛད་ཅིང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ཐམས་ཅད་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱེད་དགོས་པར་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ལས་ཚབ་པ་ཞིན་ཁྲང་ཞུན་རྣམ་གཉིས་མུ་རི་གཏེར་ཁུལ་གྱི་ཡུལ་དངོས་སུ་ཕེབས་ཏེ། ཡུལ་དངོས་བརྟག་དཔྱད་དང་། ཁྲིམས་འགལ་གྱིས་སྔོག་འདོན་བྱས་པར་ཆེད་དོན་བརྟག་དཔྱད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་མཛད་ཅིང་། བརྟག་དཔྱད་ཚན་ཆུང་དང་། ཆེད་མཁས་པ། མཚོ་ནུབ་ཁུལ་བཅས་ཀྱི་ལས་དོན་སྙན་ཞུར་གསན་པར་མ་ཟད། ཡུལ་དངོས་སུ་ཚོགས་འདུ་འཚོགས་ཏེ་ནན་གྱིས་གསུང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ནས། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་པོར་འཛུགས་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ་དང་། ཞི་ཅིན་ཕིང་གི་སྣོད་བཅུད་དཔལ་ཡོན་གྱི་དགོངས་པ་བརྩི་སྲུང་མཐའ་གཅིག་ཏུ་བྱེད་པ། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོར་འཛུགས་པ། “སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས”པའི་བླང་བྱ་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་མཐའ་གཅིག་ཏུ་ཇེ་བརྟན་དུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་མཐའ་དག་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ལ་རྒྱུགས་ལན་ཚད་ལྡན་ཞིག་སྤྲོད་དགོས་ཞེས་གསུངས།

ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པའི་ནང་དུ་བཞག་པ་དེས། ཏང་ཀྲུང་དབྱང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་སྣོད་བཅུད་དཔལ་ཡོན་གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་བཟུང་ནས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དམ་འཛིན་ལེགས་པོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། ཞིང་ཆེན་གྱི་གནས་ཚུལ་ངེས་གནས“ཆེ་ཤོས་གསུམ”ལ་གཞི་ཚུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཤིང་། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་དུས་དང་རྣམ་པ་ཀུན་ཏུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་ནན་གསུང་གནང་དོན། དཔའ་བོས་མཁྲིག་མ་གཅོད་པའི་ཆོད་སེམས་ཐོག་ནས་ཟང་ཟིང་གི་སྣང་ཚུལ་བཅོས་སྒྲིག་བྱེད་པ་དང་། བསླབ་བྱ་ལེན་པའི་ཁྲོད་རིག་པ་སྒྲིམས་ནས་དོགས་ཟོན་བྱེད་པ། བཟོད་སྒོམ་སྤུ་ཙམ་ཡང་མེད་པའི་རྣམ་འགྱུར་ཐོག་ནས་སྣོད་བཅུད་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་འཐབ་རྩོད་བྱས་ཏེ། སྣོད་བཅུད་ནི་སུས་ཀྱང་བརྒལ་མི་རུང་བའི་མ་མཐའི་མཚམས་ཐིག་ཅིག་ཏུ་འགྱུར་བར་བྱེད་དགོས། ཚན་རིག་དང་མཐུན་པའི་རྣམ་འགྱུར་བཟུང་ནས་ཡུན་ཕན་ལམ་སྲོལ་བཙུགས་ནས། སྣོད་བཅུད་རིན་ཐང་སྔོན་ལ་འཇོག་པ་དང་། སྤྱི་ཡོངས་ཀྱི་ཁེ་ཕན་ཆེ་ཤོས་སུ་བརྩི་བ། འབྱུང་འགྱུར་གྱི་འཕེལ་རྒྱས་བླ་ན་མེད་པ་ཡིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། སྣོད་བཅུད་དཔལ་ཡོན་ལམ་ལུགས་ཀྱི“ཀ་བཞི་གདུང་བརྒྱད”འཐུས་ཚང་དུ་བཏང་ནས། མཚོ་སྔོན་ནི་སྔོ་ཞིང་སངས་པ་དང་། ཆུ་བོ་དང་མཚེའུ་དྭངས་པ། རི་ཀླུང་སྔོ་ལྗང་བཅས་ལ་རོགས་འདེགས་བྱེད་དགོས། ས་སྲུང་གི་འགན་འཁྲི་ཡོད་པ་དང་ས་སྲུང་གི་འགན་འཁྲི་གཙང་སྒྲུབ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ་དང་། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་དང་འཕེལ་རྒྱས་ཀྱི་ལྟ་བ་བཙུགས་ནས་རང་བྱུང་ཁམས་ལ་ལྷིང་འཇགས་དང་། ཞི་མཐུན། མཛེས་སྡུག་བཅས་ཡོང་བར་བྱེད་དགོས། རང་བྱུང་སྣོད་བཅུད་དང་ཆབ་སྲིད་སྐྱེ་ཁམས་མཉམ་དུ་དམ་འཛིན་བྱེད་པ་དང་། རྒྱལ་ཁབ་ཆེན་པོར་གདེང་ཚོད་ཡོད་པའི་མཐོ་ཚད་ནས་འགྲེང་སྟེ་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་ལ་བརྟེན་ནས་རི་སྔོ་ཆུ་དྭངས་ཀྱི་རང་བྱུང་སྣོད་བཅུད་སྲུང་སྐྱོང་བྱེད་དགོས། དོ་དམ་ཚོད་འཛིན་ནན་མོ་དང་། བྱ་དགའ་དང་ཆད་པ་ནན་མོ་གཅོད་པའི་ཁྲིད་ཕྱོགས་གསལ་པོར་འཛུགས་པ་དང་། ཏང་སྲིད་འགན་འཁྲི་མཉམ་འཁུར་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་དོན་འཁྱོལ་བྱས་ཏེ། སྔོན་ཐོན་དཔེ་མཚོན་མིག་དཔེར་འཛིན་པ་དང་། ལྡོག་ཕྱོགས་ཀྱི་དཔེ་མཚོན་མེ་ལོང་དུ་བྱས་ནས་ཁོར་ཡུག་གཅེས་སྤྲས་བྱེད་མཁན་ལ་བྱ་དགའ་དང་། སྣོད་བཅུད་གནོད་འཚེ་གཏོང་མཁན་ལ་ཆད་པ་གཅོད་དགོས་ཞེས་ནན་གྱིས་གསུངས།

ཚོགས་ཐོག་ནས་གཏན་འབེབས་གནང་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཚན་གཙོ་གཉིས་ཀྱི་འགན་འཁུར་བའི་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚན་ཆུང་བཙུགས་ནས་རྩ་འཛུགས་འགོ་ཁྲིད་དང་། གཅིག་གྱུར་མཐུན་སྦྱོར། ཚན་རིག་དང་མཐུན་པའི་བཅོས་སྐྱོང་། ཁྱོན་ཡོངས་སྐུལ་འདེད་བཅས་ཀྱི་འགན་འཁྲི་བསྒྲུབས་ཏེ། མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་ཇེ་ལེགས་སུ་འགྲོ་བ་ལས་ཇེ་སྡུག་ཏུ་གཏོང་མི་རུང་བའི་མཐའ་ཐིག་སྲུང་དགོས་པར་གཏན་འབེབས་མཛད། 

ཞིང་ཆེན་གྱི་འགོ་ཁྲིད་ཐིན་ཅ་ཚའེ་དང་། ལི་ཅེ་ཞང་། ཡུས་ཚུང་ལེ། ལིག་ཐའོ། ཝུན་གོ་ཏུང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།