མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ་བཅས་ཀྱི་འབྲེལ་མཚམས་ཁུལ་གྱི་ཁུལ(གྲོང་ཁྱེར)དཔོན་མཉམ་འབྲེལ་ཚོགས་འདུ་ཐེངས་དྲུག་པ་མགོ་ལོག་ཏུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས9ཉིན། མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་ཁུལ་(གྲོང་ཁྱེར)དཔོན་མཉམ་འབྲེལ་ཚོགས་འདུ་ཐེངས་དྲུག་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དུ་འཚོགས། མཉམ་འབྲེལ་ཚོགས་འདུའི་ཐོག་རྨང་གཞིའི་ཆ་རྐྱེན་ལེགས་བཅོས་དང་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་དབུལ་སྐྱོར་ལག་བསྟར་སོགས་ནང་དོན5ཡི་ཐད་མཉམ་ལས་ཀྱི་མོས་མཐུན་བྱུང་།  

2015ལོར་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཡུན་ནན། ཀན་སུའུ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་ཁུལ(གྲོང་ཁྱེར)དཔོན་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བཙུགས་པ་ནས་བཟུང་ཁྱོན་ཐེངས་དྲུག་འཚོགས་ཡོད། ཐེངས་འདིའི་མཉམ་འབྲེལ་ཚོགས་འདུ་ནི་མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་སྒྲུབ་འགན་ཁུར་ཞིང་། མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་དང་། ཡུལ་ཤུལ། རྨ་ལྷོ། མཚོ་ལྷོ་བཅས་བོད་རིགས་རང་སྐྱོང་ཁུལ་བཞི་དང་། སི་ཁྲོན་ཞིང་ཆེན་གྱི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་ཁུལ(གྲོང་ཁྱེར)དགུ་ཡི་ཚོགས་ཞུགས་ཁོངས་མིས་མཉམ་འདྲེས་དང་གསར་གཏོད། འཕེལ་རྒྱས་བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་གྲོང་གསེབ་ཀྱི་གཞུང་ལམ་དང་འཐུང་ཆུའི་བདེ་འཇགས་སྒྲིག་བཀོད་ཀྱི་དུས་མཇུག་གི་དོ་དམ་སྲུང་སྐྱོང་ཚད་གཞི་མཐོར་འདེགས། 5Gདྲ་རྒྱ་མཐའ་ཁུལ་རི་ཁུལ་དུ་འདྲེན་པ་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་བྱ་ཐབས་དང་།  ཁྱད་ལྡན་ཐོན་ལས་མཐོར་འདེགས་ལག་བསྟར་དང་། སེམས་ཀྱི་ཉི་ཟླ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཡུལ་སྐོར་དབུལ་སྐྱོར་མཉམ་ལས་བཅས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས། འབྲི་ཆུའི་འབྱུང་ཡུལ་དང་རྨ་ཆུའི་འབྱུང་ཡུལ། འདམ་ར་ཆེན་པོ་སོགས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བརྩོན་ལེན་བྱེད་པ་དང་། རྒྱལ་ཁབ་ཀྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་སྐྱེ་ཁམས་གཞན་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཐུན་མོང་ཐོག་བརྩོན་ལེན་བྱས་ནས། ད་ཡོད་ཀྱི་རྨང་གཞིའི་ཐོག་སྐྱེ་ཁམས་སྲུང་སྐྱོང་ལས་གནས་ཀྱི་གྲངས་འབོར་མང་དུ་གཏོང་བ་སོགས་ཀྱིས་སྣོད་བཅུད་དབུལ་སྐྱོར་དང་དབུལ་སྐྱོར་ལས་ཞུགས་ལ་སྐུལ་འདེད་དང་དབུལ་སྐྱོར་འགན་ལེན་ལ་སྐུལ་འདེད་གཏོང་བ། དངུལ་རྩའི་དབུལ་སྐྱོར་གསར་གཏོད་བྱེད་པ་སོགས་ཀྱི་ནང་དོན་ཁག6གིས་མཉམ་ལས་མོས་མཐུན་བྱུང་ནས་ཟིན་ཐོར་མིང་རྟགས་བཀོད། 

ཐེངས་འདིའི་མཉམ་འབྲེལ་ཚོགས་འདུའི་རིང། ད་དུང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། ཉེན་དོན་མཉམ་ལས་སོགས་ཀྱི་ཆེད་དོན་གླེང་སྟེགས་སྤེལ་ལ། ནོར་གནག་མཐོ་རིམ་གླེང་སྟེགས་འཚོགས་ཤིང་། འབྲེལ་འདྲིས་དཔྱད་བསྡུར་ཁྲོད་ཐུན་མོང་འཕེལ་རྒྱས་གཏོང་བ་དང་མི་རིགས་ཆོས་ལུགས་ལས་དོན་གྱི་ཉམས་མྱོང་བརྗེ་རེས་སོགས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།