ཁེ་ལས3809ཡིས་ལོ་འཁོར་གྱི་ངལ་རྩོལ་ལས་མི་བཀོལ་སྤྱོད་ཐད་ཞིབ་བཤེར་དང་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།   མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་2019ལོའི་ལོ་འཁོར་གྱི་མི་སྤྱོད་སྡེ་ཁག་གི་ངལ་རྩོལ་ལ་བརྩི་སྲུང་ཞུ་བའི་མི་སྤྱོད་ཞིབ་བཤེར་དང་ཁེ་ལས་ཀྱི་ངལ་རྩོལ་འགན་སྲུང་། ཁྲིམས་སྲུང་ཡིད་རྟོན་རིམ་པའི་གདེང་འཇོག་ལས་དོན་རྩ་འཛུགས་བྱས་ནས་སྤེལ་ཡོད་ལ། ཁེ་ལས་དང་སྒེར་གཉེར་བཟོ་ཚོང་། དམངས་གཉེར་ཁེ་ལས་མིན་པའི་སྡེ་ཁག་སོགས་མི་བཀོལ་སྡེ་ཁག3809ལ་ཞིབ་བཤེར་བྱས་པས། མི་བཀོལ་སྡེ་ཁག་གིས་ངལ་རྩོལ་འགན་སྲུང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ། ཁྲིམས་འགལ་གྱི་བྱ་སྤྱོད་སྔོན་འགོག་སོགས་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱས་ཡོད། ཐེངས་འདིའི་ཆེད་དོན་ཞིབ་བཤེར་བྱ་སྤྱོད་སྤེལ་ཡུལ་ནི་ཞིང་ཆེན་ཡོངས་ཀྱི་མི་སྤྱོད་སྡེ་ཁག་དང་ལྷག་པར་དུ་ཨར་སྐྲུན་གྲོང་ཁྱེར་འཛུགས་སྐྲུན་དང་། བཟོ་སྐྲུན། བཟའ་བཏུང་སོགས་ངལ་རྩོལ་འདུས་ཚད་ཆེ་བའི་ཁེ་ལས་ཡིན་པ་དང་།  མི་བཀོལ་སྡེ་ཁག་གིས་ངལ་རྩོལ་ལས་མི་བཀོལ་སྤྱོད་ལ་བརྩི་སྲུང་ཞུ་བ་དང་ཞིང་པ་ལས་མིའི་གླ་ཕོགས་སྤྲོད་པའི་ལས་ཀ་འགན་སྲུང་བྱས་ཚུལ་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱེད་པ་དང་། དེའི་ནང་མི་སྤྱོད་སྡེ་ཁག་གིས་བྱིས་པ་ལས་བཟོ་བ་གཏན་འབེབས་ལྟར་གླ་མི་ཆོག་པའི་གནས་ཚུལ་དང་། མི་སྤྱོད་སྡེ་ཁག་གིས་ལས་ཡུན་དང་ངལ་གསོ། གུང་གསེང་བཅས་ཀྱི་གཏན་འཁེལ་བརྩི་སྲུང་བྱས་པའི་གནས་ཚུལ། མི་བཀོལ་སྡེ་ཁག་གི་ངལ་རྩོལ་གན་རྒྱ་བཞག་ཚུལ་དང་། མི་བཀོལ་སྡེ་ཁག་སྤྱི་ཚོགས་ཀྱི་འགན་བཅོལ་ནང་ཞུགས་པའི་གནས་ཚུལ་སོགས་འདུས། ཆེད་དོན་བྱ་སྤྱོད་ཁྲོད་ཞིང་ཆེན་ཡོངས་ཀྱིས་ཁྲིམས་འགལ་ལས་མི་སྤྱོད་པའི་གྱོད་གཞི་33ཤེས་རྟོགས་བྱུང་བ་དང་། ས་གནས་ཁག་གི་ངལ་རྩོལ་འགན་ལེན་ལྟ་ཞིབ་སྒྲིག་གཞིའི་ལྟ་སྐུལ་ཞིབ་བཤེར་འོག མི་སྤྱོད་སྡེ་ཁག་གིས་གནད་དོན་ཚང་མ་དུས་བཀག་ལྟར་བཅོས་སྒྲིག་བྱས་ཡོད་པ་དང་།  སྡེ་ཁག1450ལ་ཚད་རིམ་དཔྱད་བསྡུར་གཏན་འབེབས་བྱས་པའི་ནངAརིམ་པའི་ཁེ་ལས་603དང་། Bརིམ་པའི་ཁེ་ལས་843། Cརིམ་པའི་ཁེ་ལས་4བཅས་ཞིབ་དཔྱད་གཏན་འཁེལ་བྱས་ཡོད། ས་གནས་ཁག་གི་ངལ་རྩོལ་ལྟ་ཞིབ་སྡེ་ཁག་གིས་རིམ་པ་Cལ་ཞིབ་དཔྱད་གཏན་འཁེལ་བྱས་པའི་ཁེ་ལས་ལ་དུས་བཀག་ནང་བཅོས་སྒྲིག་བྱ་རྒྱུ་ཡིན་པ་མ་ཟད། དུས་བཀག་ལྟར་ལྟ་སྐུལ་དང་ཞིབ་བཤེར་བྱས་ཏེ་དུས་ཐོག་ཏུ་གནད་དོན་དག་ཐེར་ཡོ་བསྲང་བྱེད་པར་ཁག་ཐེག་བྱས་ནས་ཕན་འབྲས་ཡོད་པའི་སྒོ་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།