མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། མཚོ་སྔོན་གྱི་ལག་བསྟར་དངོས་འབེབས་བསམ་འཆར་ལ་ཞིབ་འཇུག་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཁའ་དམག་མཁའ་སྐྱོད་སློབ་གྲྭ་ཆེན་མོར་གཟིགས་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཉིས་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་ཏང་གི་སྲོག་ཤིང་དང་དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་ཀྱིས་རྒྱལ་ཁབ་ཕྱུག་པོ་དང་དམག་དཔུང་སྟོབས་ལྡན། བདེ་འཇགས་དང་འཕེལ་རྒྱས། དཔལ་འབྱོར་དང་རྒྱལ་སྲུང་བཅས་ཀྱི་འཐབ་ཇུས་ཇུས་འགོད་མཚོན་ཡོད་པ་མ་ཟད། ཏང་གི་དམག་དོན་སྐོར་གྱི་རིག་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་གཏོང་བ་དང་། དུས་རབས་གསར་པའི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རྩ་འཛིན་གལ་ཆེན་ཞིག་ཡིན། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལས་དོན་མུ་མཐུད་དུ་སྲ་བརྟན་དང་གཏིང་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་སྲུང་སྐུལ་སློང་གྲ་སྒྲིག་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དམག་དམངས་མཉམ་འདྲེས་ཀྱིས་འཕེལ་རྒྱས་ཀྱི་ལས་དོན་ཆེན་པོ་ལེགས་པོར་བསྒྲུབ་ཏེ། སྔར་ལས་ལྷག་པའི་སྒོ་ནས་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་འཛུགས་དགོས་པར་བསྟན།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞིན་ཅིན་ཕིང་གིས་ཨེ་ཤེ་ཡའི་མ་འཇོག་དངུལ་ཁང་གི་ལས་འཛིན་ལྷན་ཚོགས་སྐབས་ལྔ་པའི་ལོ་ཚོགས་ཀྱི་བརྙན་ལམ་ཚོགས་འདུ་འགོ་བརྩམས་པའི་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་བའི་མིའི་རིགས་ཀྱི་གཅིག་མཐུན་ཀྱི་ལས་དབང་གི་མཐོ་ཚད་སྟེང་འགྲེངས་ནས། ཨེ་ཤེ་ཡའི་མ་འཇོག་དངུལ་ཁང་གི་མ་འོངས་པའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱེད་ཆེད་དང་། རིམས་ནད་ཀྱི་ཤུགས་རྐྱེན་འོག་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་བྱེད་ཐབས་བཟང་པོ་བཏོད་ཆེད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ཡུན་རིང་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཡོངས་གཉིས་ལ་གཞི་བཙུགས་ཏེ་རང་འགུལ་ངང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཀྱི་ནང་ཧུར་ཐག་གིས་ཞུགས་ནས་བསྒྱུར་བཅོས་སྒོ་འབྱེད་སྒུལ་ཤུགས་སུ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་རྒྱུད་གཅིག་ལམ་གཅིག་ནང་ཞུགས་པ་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པར་སྔར་བས་གོ་སྐབས་བརྩོན་ལེན་བྱེད་དགོས་པར་བསྟན།

གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིབ་འཇུག་སློབ་མའི་སློབ་གསོའི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱིས་ཞིབ་འཇུག་སློབ་མའི་སློབ་གསོར་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་ཡོད་པས། དུས་རབས་གསར་པར་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་ཇེ་མགྱོགས་སུ་གཏོང་བར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། སྤྱོད་བཟང་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ། མཚོ་སྔོན་གྱི་མིག་སྔའི་དགོས་མཁོ་དང་མ་འོངས་པའི་དགོས་མཁོར་དམིགས་ནས་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་སྔར་ལས་མང་བ་གསོ་སྐྱོང་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྔར་ལས་སྲ་ཞིང་བརྟན་པའི་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་པར་བསྟན།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ནི་ངོས་འཛིན་གཅིག་གྱུར་དང་ལྟ་བ་གཅིག་མཐུན་ཡོང་བའི་ཐབས་མཆོག་ཅིག་ཡིན་ཞིང་། དུས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གསར་ཤོས་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། སྲོག་ཤིང་གི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་དགོས་པ་ནི་ལམ་ལུགས་བཀོད་སྒྲིག་དང་བཅོས་སྐྱོང་བྱེད་པའི་བླང་བྱ་ཡིན་ལ། དེ་བས་ཀྱང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ཡང་ཡིན། སློབ་སྦྱོང་དམ་འཛིན་བྱ་རྒྱུ་ནི་ཨང་དང་པོར་འཇོག་པ་དང་། ཆབ་སྲིད་ལ་དང་དོད་བྱ་རྒྱུ་ནི་བྱེ་བྲག་ཡིན། སེམས་ལ་འཇགས་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ནང་དུ་ཚུད་དུ་འཇུག་པ་དང་། སློབ་འབྲིང་གི་རྗེས་སྙེགས་པ་དང་སློབ་སྦྱོང་ལག་བསྟར་བྱེད་པ། སློབ་བསམ་སྤྱོད་གསུམ་མཐུན་སྦྱོར་དང་ཤེས་དད་སྤྱོད་གསུམ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་ངོ་མ་དང་། ཤེས་རྟོགས་ངོ་མ། ཡིད་ཆེས་ངོ་མ་བཅས་ཀྱི་ཐོག་ནས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་“འདུ་ཤེས་བཞི་”ཇེ་ཟབ་དང་། “གདེང་ཚོད་བཞི་”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”སྒྲུབ་ཐུབ་པ་བཅས་བྱེད་དགོས་པར་བསྟན།

གྲོས་ཚོགས་སྟེང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།