ལག་ཁྱེར་མེད་པའི་བྱིས་གཉོར་ཁང་གཉིས་སྒོ་བརྒྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་ཁའི་གུང་གསེང་ནི་བྱིས་གཉོར་ལས་ཁུངས་ཀྱིས་སློབ་མ་བསྡུ་བའི་སྒང་ཡིན་ལ། སློབ་སྔོན་སློབ་གསོའི་བྱ་གཞག་བདེ་ལེགས་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱ་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྣེ་ཁྲིད་འོག་ཆུས་སློབ་གསོ་ཅུས་དང་། སྤྱི་བདེ་ཅུས། དམངས་སྲིད་ཅུས། ཁྲོམ་ལམ་གཞུང་ལས་ཁང་སོགས་སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ཐོག  ཁོངས་གཏོགས་ཁུལ་གྱི་བྱིས་གཉོར་ཁང་གི་སྒྲིག་གཞིར་ཞིབ་བཤེར་བཅོས་སྒྲིག་བྱ་འགུལ་སྤེལ་ནས་ལག་ཁྱེར་མེད་པའི་བྱིས་གཉོར་ཁང་གཉིས་སྒོ་བརྒྱབ་པ་རེད།

མཁར་ཤར་ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་དུས་སྔོན་མ་བརྟག་དཔྱད་བྱེད་དུས་པིན་ཧོ་ལྷོ་ལམ་གྱི་གཞིས་ཁུལ་ཞིག་ཏུ་སྒྲིག་འགལ་གྱིས་གཉེར་བའི་བྱིས་གཉོར་ཁང་གཉིས་ཡོད་པར་ཤེས་རྟོགས་བྱུང་། བྱ་འགུལ་ཚོགས་ཆུང་གིས་ཡུལ་དངོས་སུ་སོང་ནས་ལག་འཁྱེར་མེད་པའི་བྱིས་གཉོར་ཁང་གཉིས་སྤེལ་མཚམས་འཇོག་དགོས་པའི་བཀའ་བཏང་ཞིང་། གཏན་འབེབས་ཀྱི་དུས་བཀག་ནང་འབྲེལ་ཡོད་འགྲོ་ལུགས་སྒྲུབ་དགོས་པ་དང་དུས་བཀག་ནང་སྒྲུབ་མེད་ཚེ་གཏན་འགོག་བྱེད་རྒྱུ་རེད། 

མཁར་ཤར་ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་མི་སྣས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱས་ནས་ལྟ་སྐུལ་ཐེར་འདོན་ཁ་པར་ཤར་གཏོང་ཐུབ་པ་བྱེད་དགོས་པ་དང་།  སྒྲིག་འགལ་གྱིས་གཉོར་སྐྱོང་བྱེད་པའི་བྱིས་གཉོར་ཁང་གི་གནས་ཚུལ་ལ་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་སྒྲིག་འགལ་གྱི་བྱིས་གཉོར་ཁང་ཚང་མ་ལེགས་བཅོས་བྱས་ཏེ་ཕན་འབྲས་ཐོབ་པར་འགན་ལེན་བྱེད་དགོས། དུས་མཚུངས་སུ་བྱིས་གཉོར་ཁང་གཉེར་འཐུས་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་།  བླང་བྱ་དང་མཐུན་པའི་བྱིས་གཉོར་ཁང་ལ་དུས་ཐོག་ཏུ་འབྲེལ་ཡོད་འགྲོ་ལུགས་སྒྲུབ་རྒྱུ་དང་། བླང་བྱ་ལྟར་འབྲེལ་ཡོད་འགྲོ་ལུགས་མི་སྒྲུབ་པར་བདེ་འཇགས་ཐད་གནད་དོན་ཡོད་པའི་བྱིས་གཉོར་ཁང་དག་ལ་ཁྲིམས་ལྟར་གཏན་འགོག་བྱ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།