ཞིན་ཁྲང་ཞུན་གྱིས་ཟི་ལིང་དུ་རྟོག་ཞིབ་གནང་སྐབས་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རུ་སྣ་འདྲེན་པའི་དམག་གི་ནུས་པ་སྔར་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་པར་ནན་གསུང་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལས་ཚབ་པ་ཞིན་ཁྲང་ཞུན་གྱིས་ཟི་ལིང་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས་ནན་གསུང་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ནས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཟི་ལིང་གིས་རུ་སྣ་འདྲེན་པའི་དམག་གི་ནུས་པ་སྔར་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་ཞེས་གསུངས།

མཚོ་སྔོན་ནི་ནུབ་ལམ་དམག་དཔུང་གི་སྙིང་སྟོབས་ཀྱི་མེ་སོན་འདེབས་ས་དང་ཁྲག་རྒྱུན་རྒྱུན་འཛིན་བྱེད་ས་ཡིན། ཞིན་ཁྲང་ཞུན་ཆེད་དུ“དད་མོས་ཀྱི་སྟོབས་ཤུགས”བརྗོད་དོན་གཙོ་བོ་ཡིན་པའི་ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་དཔུང་གི་དྲན་གསོ་ཁང་དུ་ཕེབས་ནས། ནན་ཏན་གྱིས་གཟིགས་ཞིབ་གནང་བ་དང་། སེམས་ཞིབ་མོས་ངོ་སྤྲོད་ལ་གསན་ཅིང་། མཚམས་ལན་རེར་ད་དུང་ཚང་མར་གསུང་གླེང་མཛད་པ་རེད། ཁོང་གིས་གསུང་དོན། དད་མོས་ནི་སྤྱི་མཚན་དུ་གྱུར་པ་ཞིག་མ་ཡིན་པར་བྱེ་བྲག་ཅིག་རེད། ནུབ་ལམ་དམག་དཔུང་གི་སྙིང་སྟོབས་ཀྱིས་ང་ཚོའི་ཏང་གི་གསར་བརྗེའི་སྙིང་སྟོབས་དང་འབད་འཐབ་སྙིང་སྟོབས་མཚོན་ཡོད་པར་མ་ཟད། དམར་དམག་གི་སྙིང་སྟོབས་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཀྱང་མཚོན་ཡོད་པས། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་པོར་འཛུགས་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་། ཕུགས་བསམ་དང་དད་སེམས་བརྟན་པོར་འཛུགས་པ། གུང་ཁྲན་ཏང་མིའི་རང་གཤིས་ནམ་ཡང་རྒྱུན་འཁྱོངས་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་བཏོན་གནང་མཛད་པའི“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་ལེན་ཐོག་འཁྱོལ་བ་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་གསུངས།

ཟི་ལིང་གྲོང་ཁྱེར་གྲོང་མིའི་ལྟེ་གནས་དང་། གྲོང་ཁྱེར་འཁོར་སྐྱོད་དོ་དམ་རིག་ལྡན་ལྟེ་གནས། 12345དམངས་འཚོའི་ཞབས་ཞུའི་ལྟེ་གནས་བཅས་སུ་ཞིན་ཁྲང་ཞུན་གྱིས་སྤྲོ་སེམས་ལྡན་པའི་ངང་ནས་དམངས་ཕན་ཞབས་ཞུ་དང“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཁོང་གིས་གསུང་དོན། གྲོང་མིའི་ལྟེ་གནས་ནི་དམངས་ལ་སྟབས་བདེ་བསྐྲུན་རྒྱུ་དེ་ཡིན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་མང་ཚོགས་རྣམས་ཀྱིས་སྒོ་གླེགས་གཅིག་བརྒྱུད་ན་བྱ་བ་བརྒྱ་སྒྲུབ་ཆོག་པར་བྱེད་དགོས། སྲིད་འཛིན་ཞིབ་མཆན་འགོད་པའི་བརྒྱུད་རིམ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། “མཛའ་བཤེས”དང་“སྤྱོད་གཙང”གི་སྲིད་ཚོང་འབྲེལ་བ་གསར་པ་བཙུགས་ཏེ། ཧུར་ཐག་གིས་ཚོང་ལས་ལ་སེམས་ཕྱོགས་པ་དང་། ཚོང་ལས་ལ་མཐོང་ཆེན་བྱེད་པ། ཚོང་ལས་ལ་དགའ་བའི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་གསུངས། 

ཆུའི་ཐོན་ཁུངས་དང་། འོད་ཀྱི་ཐོན་ཁུངས། རླུང་གི་ཐོན་ཁུངས། སའི་ཐོན་ཁུངས་སོགས་སུ་རེ་རེ་བཞིན་རྟོག་ཞིབ་གནང་ཞིང་། ཟི་ལིང་གྲོང་ཁྱེར་གྱི་རྨ་ཆུའི་ཆུ་གློག་འོད་ཤུགས་ཐོན་ལས་ལག་རྩལ་ལྟེ་གནས་སུ། ཞིན་ཁྲང་ཞུན་གྱིས་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་དང་། ཐོན་ལས་སྦྲེལ་ཐག་གི་བཀོད་པ། ནུས་ཆེའི་གློག་རྫས་ཞིབ་འཇུག་གསར་སྤེལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ངེས་པར་དུ་འོད་ཤུགས་ཐོན་ལས་ཡག་པོ་སྒྲུབ་དགོས་པའི”བླང་བྱ་གལ་ཆེན་གཞིར་བཟུང་སྟེ། ནུས་མང་གསབ་རེས་དང་འོད་ཤུགས་ལྷུ་ལག་ཚུར་བསྡུ་ཞིབ་འཇུག་གསར་སྤེལ་སོགས་གཙོ་གནད་ལག་རྩལ་གྱི་འགག་སྒྲོལ་སྔར་བས་ཇེ་ཟབ་ཏུ་བཏང་ནས། ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་དགོས་ཞེས་གསུངས།

ཝང་ཞའོ་ལྷན་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།