ཞིན་ཧེ་རྫོང་གིས་བོད་སྐད་ཁ་སྐད་གསོ་སྦྱོང་གི“རིམ་སྤོར་རྣམ་པ”བཏོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་སྐད་ཁ་སྐད་གསོ་སྦྱོང་ནི་གཞི་རིམ་ལ་ཞབས་འདེགས་ཞུ་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གིས་ནུས་ཤུགས་ཡོད་རྒུས་བོད་སྐད་ཁ་སྐད་གསོ་སྦྱོང་གི“རིམ་སྤོར་རྣམ་པ”བཏོད་ཡོད། སློབ་མའི་སྤྲོ་སྣང་ཆེ་རུ་གཏོང་བ་དང་གསོ་སྦྱོང་གི་གྲུབ་འབྲས་ཇེ་མཐོར་གཏོང་བ་ནས་འགོ་བརྩམས་ཏེ། རྒྱུན་ཆད་མེད་པར་གསོ་སྦྱོང་བྱེད་སྟངས་ལ་འཚོལ་ཞིབ་དང་གསར་གཏོད་བྱེད་པ་དང་། “གཏན་འཇགས་རྣམ་པ”ནས“ཚལ་ཐོ་རྣམ་པ”དང་། “འདྲེན་སྟངས་རྣམ་པ”ནས་“སྐུལ་འདེད་རྣམ་པའི”གསོ་སྦྱོང་བསམ་ཕྱོགས་ལ་འགྱུར་ལྡོག་གཏོང་བར་མཐོང་ཆེན་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཞིན་ཧེ་རྫོང་གིས་ལོ་ལྟར་ན་གཞོན་ལས་བྱེད་པས་བོད་སྐད་ཁ་སྐད་ཁོང་དུ་ཆུད་པའི་གནས་ཚུལ་ལ་མཐིལ་རྟོགས་གྲལ་བཤེར་བྱས་ནས་བོད་རྒྱ་སྐད་གཉིས་ཀྱི་ན་གཞོན་ལས་བྱེད་པའི་མཛོད་དུས་ཐོག་ཏུ་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་བས། རྫོང་ཐད་གཏོགས་ལས་ཁུངས་ཀྱི་སྐར་ཁུང་ལས་ཁུངས་དང་ཞབས་ཞུའི་ལས་རིགས་ཁག་དང་དེ་བཞིན་ཤང་གྲོང་ཁག་དང་སྡེ་ཁུལ་ཁག་གི་ལོ45མན་གྱི་བོད་སྐད་མི་ཤེས་པའམ་ཡང་ན་ཁ་སྐད་ཀྱི་ཆུ་ཚད་ཅུང་དམའ་བའི་ལས་བྱེད་པ་གསོ་སྦྱོང་གི་གཙོ་གནད་དུ་བདམས་ནས་ལས་དོན་འདི་ཞིབ་ཚགས་ཏུ་ཡོད་པ་རེད། ས་གནས་ཀྱི་བོད་སྐད་སློབ་དེབ་རྩོམ་སྒྲིག་དང་པར་འདེབས་བྱ་བ་ཞིབ་ཚགས་དང་། དངོས་སྤྱོད་ཁ་སྐད་ཀྱི་ཤེས་བྱ་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་བྱས་པ་མ་ཟད། ཞིང་འབྲོག་ཁུལ་གྱི་ཡུལ་དངོས་སུ་སོང་ནས་ཀྱང་སློབ་ཁྲིད་བྱས་པ་རེད། “སློབ་ཚན་དང་། ས་གནས། རོལ་རྩེད”བཅས་ལ་མཐོང་ཆེན་བྱས་ནས་དེ་སྔའི་སྲོལ་རྒྱུན་གྱི་སློབ་ཁྲིད་ཕུད། དགེ་རྒན་གྱིས་སློབ་ཁྲིད་བྱེད་པ་དང་། སྨྱན་མང་གཟུགས་ཀྱི་རྣམ་པས་སློབ་ཁྲིད་བྱེད་པ། ཕན་ཚུན་ལ་བསམ་བློ་བརྗེ་རེས་བྱེད་པ། “གཅིག་གིས་མང་པོར་རོགས་རམ་”དང“མང་པོས་གཅིག་ལ་རོགས་རམ”བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁ་སྐད་སྦྱོང་བ་ནས་སློབ་སྦྱོང་བྱེད་པ་དང་། དེ་ནས་རང་འགུལ་ངང་སློབ་སྦྱོང་བྱེད་པའི་རྣམ་པ་ཆགས་པར་བྱས་ཡོད་ལ། སློབ་ཁང་གི་དགེ་རྒན་ཆེན་མོ་བ་ནས་ཞིང་འབྲོག་ཁུལ་གྱི་ཡུལ་དངོས་སུ་སོང་ནས་སློབ་ཁྲིད་བྱེད་པ་དང་། རོལ་རྩེད་ཀྱི་ཞོར་ལ་སློབ་ཁྲིད་བྱེད་པའི་བར་འགྱུར་ལྡོག་ཕྱིན་པ་སོགས་ “རྣམ་པ་རྐྱང་པའི་”ཞིབ་འཇུག་གསོ་སྦྱོང་བྱས་པ་རེད།

གསོ་སྦྱོང་གི་གྲུབ་འབྲས་ལ་འགན་ལེན་བྱ་ཆེད། གསོ་སྦྱོང་འཛིན་གྲྭས་སློབ་ཁང་དུ་མཉམ་དུ་དྲི་བ་འདོན་པ་དང་། སློབ་མ་ཕན་ཚུན་ལ་དྲི་བ་འདོན་པ། དགེ་སློབ་ཕན་ཚུན་གྱིས་དཔྱད་བསྡུར། ལེའུ་དང་ས་བཅད་ཚོད་ལྟ། སྤྱི་ཡོངས་ཀྱི་ཡིག་རྒྱུགས་དང་སློབ་ཁང་གི་སློབ་སྦྱོང་ཕན་འབྲས་གདེང་འཇོག་སོགས་གསོ་སྦྱོང་གི་ཕན་འབྲས་དཔྱད་དཔོག་བྱེད་ཐབས་ཀྱི་ཇུས་འགོད་ཞིབ་ཚགས་བྱས་པ་དང་། ཡིག་རྒྱུགས་དང་ཁ་བརྡ་ཡིས50%ཟིན་པ་དང་། ཉིན་རྒྱུན་གྱི་སློབ་སྦྱོང་གི་རྣམ་འགྱུར་དང་སྒྲིག་ལམ་གྱིས50%ཟིན་པའི་ཞིབ་བཤེར་བྱེད་ཐབས་གཞིར་བཟུང་ནས། ཕྱོགས་བསྡུས་གྲུབ་འབྲས་དེ་ལས་ཁུངས་ཀྱི་ལོ་མཇུག་གི་སློབ་གསོ་གསོ་སྦྱོང་གི་དཔྱད་ཞིབ་སྐར་གྲངས་སུ་བརྩིས་ཡོད་ལ། མིག་སྔའི་བར་སྔ་རྗེས་སུ་བོད་སྐད་ཀྱི་གསོ་སྦྱོང་འཛིན་གྲྭ་ཐེངས10ལྷག་ཙམ་གཉེར་བ་དང་གསོ་སྦྱོང་མི་སྣ1000ལྷག་ཙམ་ཟིན་ཡོད་པས། མང་ཚོགས་ལ་ཞབས་འདེགས་ཞུ་བར་“བར་ཐག་མེད་པ་”ལ་རྨང་གཞི་བརྟན་པོ་བཏིང་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།