མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་གྱི་ཉེས་འདོན་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་འགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་8པའི་ཚེས་3ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་སྒྲུབ་པའི་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཉེས་འདོན་དྲིལ་སྒྲོག་གཟའ་འཁོར་གྱི་འགོ་རྩོམ་མཛད་སྒོ་ཟི་ལིང་དུ་བསྡུས་པ་དང་། དེས་དུས་ཡུན་གཟའ་འཁོར་གཅིག་ཡིན་པའི་གཅིག་བསྡུས་དྲིལ་སྒྲོག་བྱ་འགུལ་དེ་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་འགོ་བརྩམས་པ་མཚོན།

ཐེངས་འདིའི་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཡང་དག་པའི་སྒོ་ནས་ཉེས་འདོན་བྱེད་པ་བརྗོད་དོན་དུ་བྱས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་ཉེས་དོན་བྱ་བའི་སྒྲིག་སྲོལ་དྲིལ་སྒྲོག་བྱེད་པ་གཙོ་བོ་བྱས་ནས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ཟུང་འབྲེལ་སྒོས་དྲིལ་སྒྲོག་བྱེད་རྒྱུ་རེད། དྲིལ་སྒྲོག་བྱ་འགུལ་གྱིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཤང་རིམ་པ་བཞི་དུས་མཉམ་དུ་སྤེལ་བ་དང་། ཡུལ་དངོས་དང་དྲ་ཐོག ཟུར་མང་པོའི་སྒོ་ནས་དྲིལ་སྒྲོག་བྱེད་པ།དེ་མིན་གསར་འགྱུར་དྲིལ་སྒྲོག་དང་དྲ་རྒྱའི་དྲིལ་སྒྲོག  སྤྱི་ཚོགས་དྲིལ་སྒྲོག་བཅས་བརྒྱུད་ནས་ཉེས་དོན་ཤེས་བྱ་དྲིལ་སྒྲོག་བྱེད་པ་ཞིག་ཡིན།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།