ཞིན་ཁྲང་ཞུན་གྱིས་བློ་མཐུན་རྒན་པར་བྱམས་བརྩེའི་འཚམས་འདྲི་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལས་ཚབ་པ་ཞིན་ཁྲང་ཞུན་གྱིས་བློ་མཐུན་རྒན་པ་སངས་རྒྱས་རྒྱལ་དང་པད་མར་གཟིགས་སྐྱོང་གནང་བ་དང་། ཁོང་ཚོར་བྱམས་བརྩེའི་འཚམས་འདྲི་གནང་ཞིང་བླ་ན་མེད་པའི་གུས་འདུད་ཞུས་ཏེ། ཁོང་ཚོས་མཚོ་སྔོན་གྱི་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་ནས། སྔར་བཞིན་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

“འགོ་ཁྲིད་རྒན་པ་ལགས། ང་ཁྱེད་ལ་འཚམས་འདྲི་ཞུ་རུ་ཡོང་བ་ཡིན།” དེ་ལྟར་བཤད་བཞིན་ཞིན་ཁྲང་ཞུན་སངས་རྒྱས་རྒྱལ་ཀྱི་ཁྱིམ་ལ་འཛུལ། ཁྱིམ་ནས་བཞུགས་རྗེས། ཞིན་ཁྲང་ཞུན་གྱིས་སངས་རྒྱས་རྒྱལ་གྱི་འཚོ་བའི་འགྲོ་འདུག་དང་གཟུགས་པོའི་བདེ་ཐང་སོགས་ལ་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་དང་འབྲེལ། སངས་རྒྱས་རྒྱལ་དང་མཉམ་དུ་ཁོའི་ཁྱིམ་གྱི་གནས་ཚུལ་དང་འདས་སོང་ལ་ཕྱིར་དྲན། འཕེལ་རྒྱས་ཀྱི་ལྟ་ཚུལ་སོགས་ཀྱི་ཐད་ནས་གསུང་གླེང་ལྷུག་པོར་འཁྲོལ། ཞིན་ཁྲང་ཞུན་གྱིས་གསུང་དོན། བློ་མཐུན་རྒན་པ་ནི་ཏང་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བློ་མཐུན་རྒན་པ་ཚོའི་སེམས་ཤུགས་དང་རྔུལ་ཆུ་འདུས་ཡོད་པར་མ་ཟད། དེ་ནི་བློ་མཐུན་རྒན་པ་ཚོས་དཀའ་སྤྱད་འབད་བརྩོན་གནང་བའི་རྨང་གཞི་བརྟན་པོ་ལས་བྱུང་བ་ཞིག་རེད། ང་རང་ལྷག་བསམ་རྣམ་དག་གིས་མཚོ་སྔོན་དུ་བྱ་བ་སྒྲུབ་པར་ཡོང་བ་ཡིན་ཞིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྟོབས་ཤུགས་ཡོད་རྒུ་བཏོན་ནས་ལས་དོན་ལེགས་པོར་བསྒྲུབ་པར་ཡིད་ཆེས་དང་ཆོད་སེམས་ཀུན་ནས་བརྟས་ཡོད། བློ་མཐུན་རྒན་པ་རྣམས་ཀྱིས་འབད་པས་བསྐྲུན་པའི་རྨང་གཞིའི་སྟེང་མུ་མཐུད་དུ་མཚོ་སྔོན་གྱི་ལས་དོན་ལེགས་པོར་བསྒྲུབ་རྒྱུ་ཡིན་ཞེས་གསུངས།

བློ་མཐུན་རྒན་པ་པད་མའི་ཁྱིམ་དུ་ཁོང་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་། སྣོད་བཅུད་འཛུགས་སྐྱོང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་སོགས་ཀྱི་ཐད་ནས་གསུང་གླེང་ཟབ་མོ་གནང་བ་དང་འབྲེལ། ཞིན་ཁྲང་ཞུན་གྱིས་གསུང་དོན། ང་མཚོ་སྔོན་ལ་ཐེངས་མང་པོར་ཡོང་མྱོང་། ད་ཐེངས་མཚོ་སྔོན་དུ་ལས་དོན་སྒྲུབ་པར་ཡོང་དུས། ཕྲག་ཐོག་གི་ཁུར་པོ་ཧ་ཅང་ལྗིད་པའི་ཚོར་བ་ཟབ་མོ་བྱུང་། ངས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ལ་ཕབ་པའི་ལས་དོན་བཀོད་སྒྲིག་ལྟར། འཆར་གཞི་ལེགས་པོ་ཞིག་མཐའ་སྐྱོང་རྒྱུ་ཡིན་པ་དང་། ཐོ་བས་རྡུང་ཤུགས་མཚམས་མ་ཆད་པར་བྱས་ཏེ། “གཟེར་འདེབས་པའི”སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་མདུན་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་ཡིན། བློ་མཐུན་རྒན་པ་ཚོས་མཚོ་སྔོན་གྱི་འཕེལ་རྒྱས་ལ་མུ་མཐུད་དུ་དོ་སྣང་དང་ཐུགས་ཁུར་གནང་སྟེ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་བསྐྲུན་ཆེད་ཐབས་འདོན་ཇུས་འབུལ་དང་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཞིན་ཁྲང་ཞུན་གྱིས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ལ་མངགས་བཅོལ་གནང་ནས། བློ་མཐུན་རྒན་པའི་འཚོ་བར་སེམས་ཁུར་དང་། ལྟ་སྐྱོང་། བཀོད་སྒྲིག་བཅས་ཀྱི་ལས་དོན་ནན་ཏན་གྱིས་ལེགས་པོར་བསྒྲུབས་ཏེ་ཁོང་ཚོའི་ཚེ་མཇུག་གི་འཚོ་བ་བདེ་ཞིང་སྐྱིད་པའི་ངང་བསྐྱལ་དུ་འཇུག་དགོས་ཞེས་གདམས་པ་རེད། 

བློ་མཐུན་རྒན་པ་གཉིས་ཀྱིས་ཞིན་ཁྲང་ཞུན་མཚོ་སྔོན་དུ་འབྱོར་མ་ཐག་ཏུ་ཁོང་གཉིས་ལ་གཟིགས་སྐྱོང་དུ་ཕེབས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པར་མ་ཟད། དུས་དང་རྣམ་པ་ཀུན་ཏུ་མཚོ་སྔོན་གྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་དོ་ཁུར་དང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།