“མཚོ་སྔོན་གྱི་འོད་སྣང་བྱ་སྤྱོད”སྤེལ་ནས་ལོ་ལྔའི་རིང་མིག་ནད་ཕོག་པའི་ནད་པ7500ལྷག་ལ“འོད་སྣང”སྦྱིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས28ཉིན་གསར་འགོད་པར་ཟི་ལིང་ཨེ་འར་མིག་ནད་སྨན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྨན་ཁང་དེས་གཙོ་གཉེར་བྱས་པའི“མཚོ་སྔོན་གྱི་འོད་སྣང་བྱ་སྤྱོད”ཀྱི་སྤྱི་ཕན་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ལོ་ལྔ་སོང་རིང་ཞིང་ཆེན་དེ་ཡོངས་ཀྱི་མིག་ནད་ཕོག་པའི་ནད་པ7500ལྷག་ཙམ་ལ“འོད་སྣང”སྦྱིན་པ་རེད།

མཚོ་སྔོན་དུ་ས་བབ་མཐོ་ལ་ལྷགས་རླུང་ཆེ་བ་དང་གྲང་ངར་ཆེ་ལ་གསོ་རླུང་དཀོན་པ། སྨུག་ཕྱིའི་འོད་ཟེར་ཤུགས་ཆེ་བ་བཅས་ཀྱི་རྐྱེན་པས། སྐྱ་འགྲིབ་ནད་ཕོག་ནས་ལོང་བར་འགྱུར་ཚད་ཐང་གཤོངས་ཁུལ་དང་བསྡུར་ན་མཐོ་བ་ཡོད་ཅིང་། དཔལ་འབྱོར་གོང་འཕེལ་འགྲོ་འགོར་བའི་དབང་གིས་ཐག་རིང་ལུང་ཁུག་ཁུལ་གྱི་སྨན་བཅོས་ཆ་རྐྱེན་ཞན་པ་དང་སྨན་བཅོས་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་པོ་ཡོད། སྨན་ཁང་དེ་གའི་སྔོ་སྐྱ་ཚན་ཁག་གི་ཀྲུའུ་རེན་ཁྲེན་ཐིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། མཚོ་སྔོན་ཞིང་ཆེན་ལ་ད་ལྟ་ལོ60ཡན་གྱི་བགྲེས་སོང་ཁྲི69.77ཡོད་པའི་ནང་ལོ60ཡན་གྱི་བགྲེས་སོང་ལ་སྐྱ་འགྲིབ་ནད་ཕོག་ཚད75%ཟིན་ཡོད། དེ་ལྟར་རྩིས་བརྒྱབ་ན་མཚོ་སྔོན་ཞིང་ཆེན་ལ་ཉུང་མཐར་ཡང་སྐྱ་འགྲིབ་ཕོག་པའི་བགྲེས་སོང་ཁྲི52ཙམ་གྱིས་མིག་གི་ན་ཚའི་སྡུག་བསྔལ་མྱོང་བཞིན་ཡོད་པ་དང་། ས་ཁུལ་དབུལ་པོའི་ནད་པའི་བསྡུར་ཚད46%ཙམ་ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

དེར་བརྟེན། 2015ལོའི་ཟླ7པར་སྨན་ཁང་དེ་བཙུགས་ཚུན། མཚོ་སྔོན་ཞིང་ཆེན་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ན་རྒས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་དབང་སྐྱོན་ལྷན་ཚོགས། དེ་བཞིན་དམངས་ཁྲོད་སྤྱི་ཕན་རྩ་འཛུགས་དགེ་འདུན་ཕུན་ཚོགས་ཐེབས་རྩ་ལྷན་ཚོགས། མཚོ་ལྷོ་ཀྲོའུ་གླིང་དཀར་ཐེབས་རྩ་ལྷན་ཚོགས་སོགས་དང་མཉམ་དུ་སོ་སོར་ཞིང་ཆེན་དེ་ཡོངས་ཀྱི་མང་ཚོགས་ལ“དགེ་སྒྲུབ་འོད་སྣང་བྱ་སྤྱོད”དང་། མིག་གི་བདེ་ཐང་སྤྱི་ཕན་གྱི་ཤེས་བྱའི་འཆད་ཁྲིད། མིག་ནད་གྲལ་བཤེར་དང་མིག་ནད་རོགས་སྐྱོབ་སྣ་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།

ཨེ་འར་ཚོགས་པ་མཚོ་སྔོན་སྤྱི་ཁྱབ་སྨན་ཁང་གི་ཡོའན་ཀྲང་དབྱང་ལིང་གིས། ལོ་ལྔའི་རིང་། སྨན་ཁང་གིས་ཚོགས་ཆུང་5ཡི་འོས་འགན་སྨན་བཅོས་རུ་ཁག་བཙུགས་ཏེ་མཚོ་སྔོན་གྱི་གྲོང་ཁྱེར་དང་། ཀྲོའུ། རྫོང་། ཤང་དང་གྲོང་རྡལ། ཁྲོམ་གཞུང་བཅས་ཁག་ཏུ་བསྐྱོད་ནས་སྐྱ་འགྲིབ་ཕོག་པའི་ནད་པ7500ལྷག་དང་། མིག་ནད་ཕོག་པའི་ནད་པ2700ལྷག་ལ་རོགས་སྐྱོབ་བྱས་པ་མ་ཟད། རྣམ་གྲངས་ཀྱི་རོགས་སྐྱོབ་དངུལ་སྒོར་ཁྲི500ལྷག་ཟིན་པ་དང་། སྨན་ཁང་གིས་ཁྱོན་སྒོར་ཁྲི800ལྷག་རྩ་ཆག་དང་ཆག་ཡང་བཏང་ཡོད་ཅེས་ངོ་སྤྲོད་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།