དབྱར་ཟླ་བདུན་པའི་ལུང་གཡང་འགག

ཟླ7པའི་ཚེས18ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་གཙོ་སྒྲུབ་བྱས་ཤིང་། གུང་ཧོ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་དང་མཚོ་སྔོན་ལུང་གཡང་འགག་དབྱི་ཡོན་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིས་འགན་སྒྲུབ་བྱས་པ། མཚོ་སྔོན་ཧུང་ཁྲོང་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་སིས་སྒྲུབ་རོགས་བྱས་པའི“མཚོ་སྔོན་གྱི་མཛེས་སྡུག ལུང་གཡང་འགག་གི་བག་ཆགས”ཞེས་པ་བརྗོད་གཞི་ཡིན་པའི་འོས་སྦྱོར་བྱ་འགུལ་རབ་དང་རིམ་པ་ལུང་གཡང་འགག་གྲོང་རྡལ་དུ་སྤེལ། ཐེངས་འདིའི་བྱ་འགུལ་གྱི་དུས་ཡུན་ཉིན་གཉིས་ཡིན་ལ། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་དྲ་གྲགས་མི་སྣ་གདན་འདྲེན་བྱས་ཤིང་བརྙན་ཐུང་ཕབ་པའི་བྱེད་ཐབས་བརྒྱུད་ནས་ལུང་གཡང་འགག་གི་ཡུལ་སྐོར་གཏིང་ཟབ་ཅིང་ཆ་ཚང་བའི་སྒོ་ནས་མཚམས་སྦྱོར་བྱས། དྲ་བའི་སྟེང་དུ་མཚམས་སྦྱོར་བྱ་འགུལ་སྤེལ་བས་གྲོང་རྡལ་དུ་མི་ཚོགས་ལང་ལོང་དུ་འཁོར་བ་དང་། ཡུལ་འདིའི་དབྱར་ཁ་སྔར་བས་འཁྲུག་པོར་བཏང་ལ། ཡུལ་འདིའི་ཡུལ་སྐོར་དང་སྙན་གྲགས་སྔར་བས“ཚ་ལམ་ལམ”དུ་བཏང་།

“ད་ལོར། རིམས་ནད་ཀྱིས་ཡུལ་སྐོར་ལས་རིགས་ཡོངས་ལ་རྡུང་རྡེག་ཆེན་པོ་ཐེབས། ‘མཚོ་སྔོན་གྱི་མཛེས་སྡུག ལུང་གཡང་འགག་གི་བག་ཆགས’ཞེས་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད་ནས། ལུང་གཡང་འགག་ཟུར་མང་པོ་ནས་དྲིལ་སྒྲོག་དང་ཁྱབ་གདལ་དུ་བཏང་བས། ལུང་གཡང་འགག་གི་རིག་གནས་ཡུལ་སྐོར་གྱི་ཁྱད་ཆོས་ཁྱོན་ཡོངས་ནས་མངོན་ཞིང་།ལུང་གཡང་འགག་གི་སྙན་གྲགས་སྔར་བས་ཇེ་ཆེར་བཏང་། དུས་མཉམ་དུ། རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱིས་འཛད་སྤྱོད་ཀྱི་ཡིད་ཆེས་ཇེ་མཐོར་བཏང་ཞིང་གུང་ཧོ་རྫོང་ཁོངས་ཀྱི་དཔལ་འབྱོར་དར་འཕེལ་ཡོང་བར་ཡར་སྐུལ་བྱས”ཞེས་ལུང་གཡང་འགག་ལྗོངས་ཁུལ་གསར་སྤེལ་བྱེད་བཞིན་པའི་མཚོ་སྔོན་ལུང་གཡང་འགག་དབྱི་ཡོན་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཚོང་གཉེར་པ་ཁྲེང་པའོ་མེན་གྱིས་དེ་ལྟར་བཤད།

གུང་ཧོ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་མཐར་ཕྱིན་རྒྱལ་གྱིས། “ལུང་གཡང་འགག་ལྗོངས་ཁུལ་ནི་མཚོ་སྔོན་ཡུལ་སྐོར་ལམ་ཐིག་སྟེང་གི་གནས་མཚམས་གཙོ་བོ་ཞིག་ཡིན་ལ། རང་ཞིང་གི‘ས་ཁུལ་བཞི་དང་ས་རྒྱུད་གཉིས། ལམ་ཐིག་གཅིག’གི་ཡུལ་ཁོངས་དཔལ་འབྱོར་འཕེལ་རྒྱས་ཆགས་སྟངས་ཁྲོད་ཀྱི་ཆེས་གལ་ཆེ་བའི་གནས་མཚམས་ཤིག་ཀྱང་ཡིན། ཉེ་བའི་ལོ་འགའི་རིང་ལ། ང་ཚོས་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ད་ལྟ་ལས་བཞིན་པའི་ལུང་གཡང་མཚེའུ་ཡི་མཚོ་བསྐོར་ལྕགས་རྟའི་བགྲོད་ལམ་དང་། ཤར་རིའི་ཁང་འཁོར་སྒེར་བསྐོར་སྒར། ལུང་གཡང་འགག་རྨ་ཆུའི་ཆུ་བེད་རིག་གནས་དངོས་མང་བཤམས་སྟོན་ཁང་། ལུང་གཡང་འགག་གྲོང་རྡལ་ས་ཁུལ་གྱི་ཡུལ་སྐོར་རིག་གནས་ཚོང་ལས་སྲང་ལམ་བཅས་ཀྱི་འཛུགས་སྐྲུན་དང་བསྐྱར་ལས་སོགས་ཀྱི་ལས་གཞི་ལག་བསྟར་བྱས་པ་དང་། དེ་ལས་གཞན། ང་ཚོས་ད་རུང་ལུས་རྩལ་དང་ཡུལ་སྐོར་བྱ་འགུལ་མང་པོ་སྤེལ་བའམ་འགན་སྒྲུབ་བྱས་ཏེ། ལུང་གཡང་འགག་ལྗོངས་ཁུལ་གྱི་སྙན་གྲགས་ཇེ་ཆེར་འགྲོ་བར་ཤུགས་ཆེན་པོས་སྐུལ་འདེད་བྱས་པ་དང་། ལུང་གཡང་འགག་གི‘ཡུལ་སྐོར+ལུས་རྩལ’མཉམ་འདྲེས་འཕེལ་རྒྱས་ཀྱི་རིག་ལམ་དང་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་བས། ལུང་གཡང་འགག་གི་ཡུལ་སྐོར་ཐོན་ལས་དང་ཆགས་སྟངས་རྒྱུན་ཆད་མེད་པར་ཆེ་སྒྲུབ་དང་ལེགས་སྒྲུབ་བྱེད་པར་རྨང་གཞི་བཟང་པོ་བཏིང་ཡོད”ཟེར།

ཁྲེང་པའོ་མེན་གྱིས། ལྗོངས་ཁུལ་ནང་དུ་ས་ཐོ་ས་གཤིས་སྤྱི་གླིང་དང་ལུང་གཡང་མཚེའུ། རྨ་ཆུའི་གྲོག་རོང་ཆེན་མོ། ཤར་རིའི་ཤིང་ལམ་བཅས་ལྗོངས་ཁུལ་བཞི་ཡོད། དེའི་ནང་གི་ཤར་རིའི་ཤིང་ལམ་ལྗོངས་ཁུལ་ནི་ད་ལོར་བསྐྱར་ལས་བྱེད་ཀྱིན་ཡོད་པས། ཅང་མ་འགོར་བར་རྣམ་པ་དང་མཛེས་ཉམས་གསར་པ་སྟོན་བཞིན་རྒྱ་ཆེའི་ཡུལ་སྐོར་པ་རྣམས་བསུ་མ་བྱེད་རྒྱུ་རེད། ད་ལྟ་ལྗོངས་ཁུལ་གྱིས་མཚོ་གྲུའི་འཛིན་བྱང་ཉོས་ན་སྒོ་གླ་ཉོ་མི་དགོས་པ་སོགས་ཀྱི་གཟིགས་སྐྱོང་བྱ་འགུལ་མང་པོ་སྤེལ་ནས་འཛད་སྤྱོད་བསྐྱར་དར་འབྱུང་དུ་འཇུག་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།