པད་མ་རྫོང་གི་དབུལ་ཕོངས་ཁྱིམ་ཚང་གིས་གསར་བརྗེའི་ཡུལ་སྐོར་ ཐོན་ཁུངས་ལ་བརྟེན་ནས་སྐྱིད་པའི་འཚོ་བ་རོལ་བ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ནི་མཚོ་སྔོན་གྱི་རིག་གནས་ཐོན་ཁུངས་དང་རྒྱང་སྐྱོད་གསར་བརྗེ་ཐོན་ཁུངས་ཀྱི་གནས་མཆོག་ཅིག་རེད། ད་ལོར་རིམས་ནད་ཀྱིས་རྐྱེན་ངན་ཐེབས་རུང་། “མཚོ་སྔོན་པ་མཚོ་སྔོན་དུ་ཡུལ་སྐོར་བྱེད་པ”དང“མགོ་ལོག་པ་མགོ་ལོག་ཏུ་ཡུལ་སྐོར་བྱེད་པ”ཡི་བྱ་འགུལ་སྤེལ་བ་དང་བསྟུན་ནས། པད་མ་རྫོང་གི་གསར་བརྗེའི་ཡུལ་སྐོར་ཀྱང་བསྟུད་མར་འཕར་བས། ཡུལ་སྐོར་ལས་རིགས་གཉེར་བའི་དབུལ་ཕོངས་ཁྱིམ་ཚང་རྣམས་ལ་རེ་བ་བསྩལ།

ཟླ6པའི་ཚེས21ཉིན། པད་མ་རྫོང་གི“དམར་དམག་ལུང་པ”ཡི་སྒོ་ཁ་ནས། ལོ་ན35ལ་སོན་པའི་བསོད་ནམས་ཀྱིས་ནངས་སྔ་མོ་ནས་རང་ཉིད་ཀྱི་སྦྲ་གུར་རང་འདེམས་ཚོང་ཁང་གི་སྒོ་ཕྱེས། བསོད་ནམས་ལ་རིག་གནས་དང་རྩལ་ནུས་གང་ཡང་མེད་པའི་ཁར་མ་རྩའང་མེད་པས་བརྟན་འཇགས་ཀྱི་ཡོང་སྒོ་ཞིག་ཡོད་མ་མྱོང་། བཟའ་མི5པོས་དབྱར་རྩྭ་དགུན་འབུ་དང་སྙི་བ་བརྐོས་ནས་ཁ་གསོ་བཞིན་ཡོད། ན་ནིང་ནས་བཟུང་། ཁོས“དམར་དམག་ལུང་པ”རུ་སྦྲ་གུར་ཕུབ་སྟེ་རང་འདེམས་ཚོང་ཁང་ཕྱེས་ཤིང་། སྐོམ་ཆུ་དང་ཞོར་ཟས་ལས་གཞན། ད་རུང་ཕྲེང་བ་དང་བོད་ཀྱི་རྒྱན་ཆ་སོགས་ཁྱད་ལྡན་ཚོང་རྫས་བཙོང་བས་ཟླ་གཅིག་ལྷག་གི་རིང་ལ་སྒོར3000བཙལ་ཐུབ་སོང་།

གསར་བརྗེའི་སློབ་གསོ་ལྟེ་གནས་དང་སློབ་གསོ་རྟེན་གཞི། དྲན་རྟེན་ཁང་། ཐང་ཆེན། དྲན་རྟེན་རྡོ་རིང་། ཡུལ་སྐོར་ཞབས་ཞུ་ལྟེ་གནས། རླངས་འཁོར་འཇོག་ས་སོགས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་སྐོར་ཞིག་འགྲུབ་པ་དང་བསྟུན་ནས། ལས་རྐང་ཀྱང་ཇེ་མང་དུ་སོང་ལ། གསར་བརྗེ་ཡུལ་སྐོར་ལས་གོ་སྐབས་བཟང་པོ་ཐོབ་པའི་མི་བསོད་ནམས་གཅིག་པུ་མིན། རྒྱུས་ལོན་པ་ལྟར་ན། ད་ལྟ་པད་མ་རྫོང་གི་ཚགས་བཙུགས་བྱང་སྒྲིག་དབུལ་ཕོངས་ཁྱིམ་ཚང་དང་ལས་ཞུགས་པ་མེད་པའི་ཁྱིམ་ཚང་། དཀའ་ཁག་ཆེ་བའི་ཁྱིམ་ཚང་བཅས་ཀྱི་མི70ལྷག་ལ་ལས་རྐང་བཀོད་སྒྲིག་བྱས་ཡོད་ལ། ཡུལ་སྐོར་དང་འབྲེལ་བའི་ལས་རྐང་ནས་ལས་ཀར་ཚུད་ན་མི་རེས་ཟླ་རེར་ཟླ་ཕོགས་སྒོར3500རེ་ལེན་ཐུབ།

གསར་བརྗེའི་ཡུལ་སྐོར་ལ་བརྟེན་ནས་འཕེལ་རྒྱས་བྱུང་བའི་བཟའ་བཏུང་དང་ཞག་སྡོད་ཀྱིས་དབུལ་ཕོངས་མི་འབོར་གྱི་ལས་ཞུགས་ལ་བརྟན་བརླིང་གི་ལས་རྐང་དེ་ལས་མང་པོ་ཞིག་འདོན་སྤྲོད་བྱས་ཡོད། 2018ལོར། གེ་སར་གསོལ་མགྲོན་ཁང་ཕྱེས་པའི་སྐབས་དེར་རྫོང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་ལ་དམིགས་ནས་ཚགས་བཙུགས་བྱང་སྒྲིག་དབུལ་ཕོངས་ཁྱིམ་ཚང་གི་མི18ལས་རྐང་དུ་ཚུད་པ་དང་། ཟླ་རེར་ཟླ་ཕོགས་སྒོར3000ལྷག་བྱིན་པས། དབུལ་ཕོངས་ཁྱིམ་ཚང་རེའི་ལོ་རེའི་ཡོང་སྒོ་སྒོར36000གིས་ཇེ་མང་དུ་བཏང་།

“གསར་བརྗེ་ཡུལ་སྐོར་གྱིས་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་འཕར་དུ་བཅུག་པ་འདི་ཁོ་ན་མིན”ཞེས་པད་མ་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་ལི་ཞིའུ་ཆོན་གྱིས་དེ་ལྟར་བཤད། གསར་བརྗེ་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ཇེ་མགྱོགས་ནས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། ལྗོངས་ཁུལ་གྱི་མཐའ་འཁོར་དུ་ཡོད་པའི་མང་ཚོགས་ཀྱི་བསམ་བློའང་བག་འཁུམ་ལས་གྲོལ། “དམར་དམག་ལུང་པ”དང་སྤྱི་ལེ་འགའ་མ་གཏོགས་མེད་པའི་པཎ་ཆེན་སྡེ་བས་ཡུལ་སྐོར་དར་རྒྱས་ཀྱི་གོ་སྐབས་ལ་བརྟེན་ནས་བོད་མིའི་མཁར་རྫོང་ས་ཚིགས་བཙུགས་པ་དང་། བོད་ཡུལ་ཡུལ་སྐོར་དག་མ་ཚོང་གཉེར་བྱས། བོད་ལུགས་ཀྱི་ཁྱིམ་ཚང་མགྲོན་ཁང16ཕྱེས་ཡོད་ལ་ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་ཡོང་སྒོ་སྒོར4000ལྷག་རེ་མངོན་འགྱུར་བྱུང་སྟེ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།