མཚོ་སྔོན་ཞིང་ཆེན་ཡིག་རྒྱུགས་ཁང་གིས་ཧུའུ་པེའི་སྨན་བཅོས་རོགས་སྐྱོར་རུ་ཁག་གི་བུ་ཕྲུག་གི་རེ་འདུན་རེའུ་མིག་འགོད་པའི་ཟུར་ཁྲིད་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་སྨན་བཅོས་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་སློབ་གསོ་ཐིང་གི་འབྲེལ་ཡོད་ལས་ཀའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་ཆེད། ཟླ7པའི་ཚེས26ཉིན་ནས་ཚེས30ཉིན་བར། མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུའི་ཡིག་རྒྱུགས་ཁང་གིས་ཧུའུ་པེའི་སྨན་བཅོས་རོགས་སྐྱོར་རུ་ཁག་གི་བུ་ཕྲུག་ལ་གཅིག་གཏད་གཅིག་གི་མཐོ་རྒྱུགས་ཀྱི་རེ་འདུན་རེའུ་མིག་འགོད་པའི་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་། ཆེད་མངགས་སྟོབས་ཤུགས་རྩེ་གྲ་རྩ་འཛུགས་བྱས་ནས་ད་ལོའི་མཐོ་རྒྱུགས་ནང་ཞུགས་པའི་ཧུའུ་པེར་སྨན་བཅོས་རོགས་སྐྱོར་རུ་ཁག་གི་བུ་ཕྲུག་ལ་ཁྱོན་ཡོངས་ཀྱི་རེ་འདུན་རེའུ་མིག་འབྲི་བར་ཟུར་ཁྲིད་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་ཆེས་མཛེས་པའི་གདོང་ལེན་མཁན་ཚོར་གུས་འདུད་ཞུས་པ་རེད། 

ཟུར་ཁྲིད་བྱེད་རིང་། ཞིང་ཆེན་རྒྱུགས་ལེན་ཁང་གི་ལས་བྱེད་མི་སྣས་ལོ་མང་རིང་གི་བྱ་བའི་ཉམས་མྱོང་གིས་ཡང་དག་པའི་སྒོ་ནས་སློབ་སྦྱོང་གི་ནུས་པར་ཤན་འབྱེད་དང་རང་ངོས་ཀྱི་ཆ་རྐྱེན་ཤེས་རྟོགས་གསལ་པོ་བྱས་ཤིང་། རེ་འདུན་སློབ་གྲྭའི་དགོས་ངེས་སྐར་གྲངས་ཞིབ་རྩིས་དང་ནན་ཏན་སྒོས་སློབ་གྲྭའི་སློབ་བསྡུའི་སྒྲིག་ཡིག་སོགས་གཙོ་གནད་ལྷུ་ཚིགས་དང་དོ་སྣང་བྱེད་དགོས་པའི་དོན་དག་ལ་ནན་ཏན་གྱིས་བལྟས་རྗེས། གོ་རིམ་རེ་རེ་གསལ་པོར་བཤད་པ་དང་བྱེད་ཐབས་རེ་རེ་གསལ་བོར་བསྟན་ནས་ཧུའུ་པེའི་སྨན་བཅོས་རོགས་སྐྱོར་རུ་མིའི་བུ་ཕྲུག་གིས་རིམ་མཚུངས་རེ་འདུན་ལྟར་རེའུ་མིག་འགོད་ཐབས་དང་། ཚན་རིག་དང་མཐུན་པའི་ངང་གཏོང་ཤོར་ཉེན་ཁ་ལས་གཡོལ་ཐུབ་པར་ཁག་ཐེག་བྱས་ཏེ་ཧུའུ་པེའི་སྨན་བཅོས་རོགས་སྐྱོར་རུ་མིའི་བུ་ཕྲུག་རྣམས་ཕུགས་འདུན་དང་མཐུན་པའི་སློབ་ཆེན་དུ་འགྲོ་བར་རོགས་འདེགས་བྱས། དེ་དང་ཆབས་ཅིག་ད་དུང་མཚོ་སྔོན་ཞིང་ཆེན་གྱིས་མཐོ་རྒྱུགས་ཀྱི་རེ་འདུན་རེའུ་མིག་འགོད་རོགས་ཀྱི་ནུས་པ་དང་བཀོལ་སྤྱོད་བྱེད་སྟངས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས་ཧུའུ་པེའི་སྨན་བཅོས་རོགས་སྐྱོར་རུ་མིའི་བུ་ཕྲུག་གིས་ལུགས་མཐུན་ངང་རེ་འདུན་རེའུ་མིག་འགོད་པར་གནད་ལ་འཁེལ་བའི་ཆ་འཕྲིན་ཞབས་ཞུ་བྱས། 

ཐེངས་འདིའི་གཅིག་ལ་གཅིག་གཏད་ཀྱི་རེ་འདུན་རེའུ་མིག་འགོད་པའི་བྱེད་སྒོ་ནི་ཞིང་ཆེན་ཡིག་རྒྱུགས་ཁང་གིས་སྤྱི་ཚོགས་ལ་དོ་ཁུར་བྱེད་པའི་བརྩེ་སེམས་བརྒྱུད་སྤྲོད་ཅིག་ཡིན་པར་མཟད་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་ཐབས་ནུས་ལྡན་ཞིག་ཀྱང་རེད། སླད་ཕྱིན་ཞིང་ཆེན་ཡིག་རྒྱུགས་ཁང་གི་ལས་དོན་མི་སྣ་ཡོངས་ཀྱིས་སྔར་བཞིན་ཏན་ཏན་ཏིག་ཏིག་དང་སེམས་ནུས་ཡོད་རྒུས་ལས་དོན་སྒྲུབ་པ་དང་། རྨང་གཞི་བརྟན་པོ་འདིང་ནས་ཞབས་འདེགས་ཞུས་ཤིང་། རྩེ་གྲར་བརྩོན་ལེན་བྱས་ནས་ཡིག་རྒྱུགས་ལས་དོན་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།