ཆུ་དམར་སྡེ་བའི་འཕོ་འགྱུར།

དབྱར་ཟླ་ལྔ་པའི་རྩེ་གཞུང་རིང་མོའི་མཁའ་རུ་སྤྲིན་དཀར་ཀྱི་འདབ་མ་རྒོད་ལ། མུ་མཐའ་མེད་པའི་རྩྭ་ཐང་ནི་གཡུ་ཡི་གཞོང་བ་ཞིག་དང་ཀུན་ནས་མཚུངས།སྐར་ཚོགས་ས་ལ་འཕོ་འདྲའི་རྟ་ནོར་ལུག་གསུམ་དང་འཛུམ་བརྒྱ་ལྷུག་པོར་གྲོལ་བའི་སྣ་བརྒྱ་མེ་ཏོག་གིས་འགྲོ་ཀུན་ལ་བློ་བདེ་བག་ཕེབས་ཀྱི་ཚོར་སྣང་སྐྱིད་པོ་ཞིག་སྟེར་ཐུབ།

ཟླ7པའི་ཚེས14ཉིན།གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་ཆུ་དམར་སྡེ་བར་བཅར་འདྲིར་ཕྱིན་པ་ཡིན།མཐའ་ཡས་པའི་རྩྭ་ཐང་གི་མཛེས་ཉམས་རོལ་བཞིན་གཞུང་ལམ་བརྒྱུད་དེ། རྫོང་ཐོག་དང་བར་ཐག་ལ་སྤྱི་ལེ50ལྷག་ཡོད་པའི་མཐོ་སྒང་གི་མཛེས་སྡུག་གྲོང་ཚོ་ཆུ་དམར་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་གི་སྒོ་ཁར་ཐོན་དུས།ལུས་ལ་བོད་ལྭ་གྱོན་པའི་བོད་རིགས་བུད་མེད་ཅིག་གིས་ཟ་མ་གཡོ་སྦྱོར་བྱེད་པའི་ལས་ལ་བྲེལ་བཞིན་འདུག ཁོ་མོའི་མིང་ལ་རིན་ཆེན་ཟེར་ཞིང་ད་ལོ་ལོ45རེད།ཁོ་ཚང་ནི་ཆུ་དམར་སྡེ་བའི་དབུར་སྐྱོར་གནས་སྤོ་བྱས་པའི་དབུལ་ཕོངས་ཁྱིམ་ཚང65ཡི་གྲས་རེད།ཁོང་མ་སྨད་གསུམ་གྱིས་ལོ་མང་པོའི་རིང་ལ་གཅིག་སྲོག་གཅིག་ལ་བརྟེན་ནས་དཀའ་སྡུག་དང་ཐབས་ཆག་གི་འཚོ་བ་རོལ་ནས་བསྡད།2017ལོར་ཆུ་དམར་སྡེ་བར་གནས་སྤར་རྗེས།འཚོ་བར་རིམ་བཞིན་འགྱུར་ལྡོག་བྱུང་།ངེད་ཚང་ནི་འཚོ་བར་ཧ་ཅང་དཀའ་ཁག་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན།སྔོན་ཆད་ཁང་པ་དང་ཕྱུགས་ཟོག་ཅི་ཡང་མེད།ད་ལྟ་འདུག་སའི་ཁང་པ་ཡོད་པར་མ་ཟད།སྡེ་བའི་ནང་དུ་སྤེལ་བའི་ཟ་མ་གཡོ་སྦྱོར་ལག་རྩལ་གསོ་སྦྱོང་འཛིན་གྲྭར་ཞུགས་ཏེ་ལག་རྩལ་བསླབ་ཅིང་།སྡེ་བའི་ནགས་ལས་ཁང་དུ་ཇ་མ་བྱས་ནས་ཟླ་རེར་ཟླ་ཕོགས་སྒོར1800རེ་ལེན་ཐུབ་ལ།མཚམས་ལན་རེར་སྡེ་སྡོད་ལས་བྱེད་དག་ལའང་ཟ་མ་བསྐོལ་ནས་ཡོང་སྒོ་བཙལ་ཐུབ་པ་དང་།བྱིས་པ་གཉིས་ཀྱང་བདེ་བླག་ངང་སློབ་མཐར་ཕྱིན་ཡོད།འཚོ་བ་ཧ་ཅང་སྐྱིད་ཀི་ཞེས་རིན་ཆེན་གྱིས་དེ་ལྟར་བཤད་བྱུང་།

ཆུ་དམར་སྡེ་བ་ནི་རྩེ་ཁོག་རྫོང་གི་ཤར་ལྷོའི་ཕྱོགས་སུ་ཡོད་ལ།དུས་ཡུན་རིང་བོར་ཕྱུགས་ལས་རྐྱང་རྐྱང་ལས་ཡོང་སྒོ་གཞན་བཙལ་ཐབས་མེད་པ།རྩྭ་ས་མི་ལེགས་པ་དང་མ་དངུལ་མེད་པ།ལག་རྩལ་ཞན་པ།ནད་ཀྱིས་དབུལ་པོར་གྱུར་པ།ངལ་རྩོལ་ནུས་ཤུགས་ཞན་པ་སོགས་ཀྱི་རྒྱུ་རྐྱེན་དུ་མས་དབང་གིས་རྩེ་ཁོག་རྫོང་གི་དབུལ་ནག་སྡེ་བར་བདམས།

2015ལོར།རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་རབ་དང་རིམ་པར་བརྟེན།སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་ཚན་ཆུང་གཙོ་བྱས་ཏེ་སྡེ་མི་ཡོངས་ཀྱིས་གྲོས་བསྡུར་དང་ཞིབ་བཤེར་བྱས་མཐར།སྡེ་བ་ཡོངས་ཀྱི་ཁྱིམ་ཚང247ཁྲོད་ཀྱི་ཁྱིམ་ཚང81དབུལ་ཕོངས་ཁྱིམ་ཚང་དུ་བདམས་པ་དང་།དེའི་ཁྲོད་ཀྱི་ཁྱིམ་ཚང65ལ་རྒྱལ་ཁབ་ཀྱི་མ་དངུལ་འབོར་ཆེན་བཏང་ནས་སྡོད་ཁང་དང་སྨན་ཁང་།བྱིས་སྙོར་ཁང་བཅས་འཛུགས་སྐྲུན་དང་།དེ་མིན་རྨང་གཞི་སྒྲིག་བཀོད་སོགས་དོན་འཁྱོལ་གང་ལེགས་བྱས།

2017ལོའི་ཟླ7པར་ཁྱིམ་ཚང65བོ་དངོས་སུ་གནས་སྤར་བྱས་ཏེ་སྡེ་བ་ཡོངས་དབུལ་ཐར་བྱུང་བ་དང་།རང་ས་གནས་ཀྱི་དགེ་མཚན་ལེགས་པོ་གཞིར་བཟུང་སྟེ།སྔར་ཡོད་ཀྱི་ཆེད་ལས་མཉམ་ལས་ཁང་གི་རྨང་གཞིའི་སྟེང་།མ་རྩ་བརྟན་འཇགས་དང་ཡོང་སྒོ་འཕར་བ།ཐོན་ལས་རྒྱ་བསྐྱེད་པའི་རྣམ་པས་སྡེ་བ་ཡོངས་ཆེད་ལས་མཉམ་ལས་ཁང་དུ་ཞུགས་ནས་འབད་བརྩོན་གྱིས་ལས་ལ་བྲེལ།གཞན་ད་དུང་དབུལ་ཕོངས་ཁྱིམ་ཚང57གྱི་ཁྱིམ་ཐོན་ཐོན་ལས་མ་དངུལ་དང་།རིམ་པ་སོ་སོའི་དབུལ་སྐྱོར་མ་དངུལ་བཅས་ཕྱོགས་གཅིག་ཏུ་སྒྲིལ་ཞིང་།བསྡོམས་པས་མ་དངུལ་སྒོར་ཁྲི400ལྷག་བཏང་ནས་རྨ་ལྷོ་ཁུལ་ཐོག་ཏུ་སྨི་གྲུ་བཞི་མ504.06ཅན་གྱི་ཁང་པ་ཞིག་ཉོས་ཏེ་ལོ་རེར་ཡོང་སྒོ་སྒོར་ཁྲི28བཙལ་བར་མ་ཟད།རྫོང་དབུལ་སྐྱོར་ཅུས་ཀྱིས་ཀྱང་ཐིའུ་འཆར་གཞི་བྱ་འགུལ་སྤེལ་ནས་སྡེ་མི་ཚོར་ཟ་མ་གཡོ་སྦྱོར་དང་འཚེམ་བཟོ་སོགས་ཀྱི་ལག་རྩལ་གསོ་སྦྱོང་བྱས་ཏེ།སྡེ་མི་ཚོའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱས།

ཆུ་དམར་སྡེ་བའི་ཧྲུའུ་ཅི་ཚེ་རིང་དོན་འགྲུབ་ཀྱིས་བཤད་རྒྱུར། ང་ཚོ་སྡེ་བ་ས་གནས་འདིར་གནས་སྤར་རྗེས།སྡེ་མི་ཡོངས་ཀྱི་འཚོ་བ་དང་བསམ་བློ།བྱ་སྤྱོད་སོགས་ཕྱོགས་གང་ཅིའི་ཐད་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྔོན་ཆད་འགྲིམ་འགྲུལ་སྟབས་མི་བདེ་བས་བྱིས་པ་སློབ་གྲྭར་སྐྱེལ་དཀའ་བ་དང་ནད་སྟོན་དཀའ་བ།བསམ་བློ་རྙིང་ཞེན་གྱི་དབང་དུ་གྱུར་ནས་ཕྱི་རུ་ཞོར་ལས་ལ་འགྲོ་བ་དེ་ངོ་ཚ་ཞིག་ཏུ་བརྩི་བ་སོགས་གནད་དོན་གང་མང་ཡོད་ཀི ད་ལྟ་གནས་འདིར་འདུས་སྡོད་བྱུང་རྗེས། དེ་ལས་ལྡོག་སྟེ་འདུ་འཛོམས་རང་བཞིན་གྱིས་བསམ་བློ་བརྗེ་རེས་དང་ཕན་ཚུན་འགྲོ་འོང་བྱེད་པ།བརྡ་འཕྲིན་སོགས་ཀྱི་ཐབས་ལ་བརྟེན་ནས་དེང་རབས་ཅན་གྱི་དངོས་པོ་གསར་པ་དང་བསམ་བློ་གསར་པ།ལག་རྩལ་གསར་པ་བཅས་དང་ལེན་བྱས་ཤིང་།ལེ་ལོ་དང་རྣམ་གཡེང་།སོས་དལ་བག་ཕེབས་ཀྱི་གཤིས་ངན་ཡོད་ཚད་རིམ་བཞིན་བསྒྱུར་ཅིང་ཧུར་བརྩོན་བྱེད་བཞིན་འདུག་ཟེར།

མིག་སྔར་སྡེ་བ་འདི་གའི་སྡེ་མི་ཡོངས་ཀྱིས་རང་གི་མགོན་ནི་རང་ཡིན་པ་གསལ་པོར་རྟོགས་ནས།རང་ཉིད་ཀྱི་འཚོ་བ་དང་བདེ་སྐྱིད་ཀྱི་དོན་དུ་ཡུན་རིང་ཞིག་ལ་བག་འཁུམས་དང་རྙིང་ཞེན།མཁྲེགས་འཛིན་གྱི་གཅོང་རོང་ཟབ་མོར་ལྷུང་བའི་བསམ་བློ་དེ་རིམ་བཞིན་དོར་ཞིང་།མདུན་སྐྱོད་ཀྱི་འཚོ་བ་གསར་པའི་ལམ་ཆེན་སྟེང་དཀའ་ངལ་ཁྱད་གསོད་དང་འབད་པ་ལྷུར་ལེན་གྱིས་མཐུན་སྒྲིལ་མཉམ་གནས་དང་བདེ་སྡོད་ལས་བརྩོན། ཡ་རབས་སྲོལ་བཟང་གི་འཚོ་གནས་ཁོར་ཡུག་གསར་པ་ཞིག་བསྐྲུན་བཞིན་མཆིས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།