མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་གནས་བབ་གཏན་འཇགས་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན། ད་ལོའི་ལོ་སྟོད་བར་དུ། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་གནས་བབ་གཏན་འཇགས་ཡིན་ཞིང་། མཁར་གྲོང་གི་ལས་ཞུགས་མི་གྲངས་ཁྲི3.59གསར་དུ་ཁ་བསྣོན་བྱུང་བ་དང་། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གྱི59.8%ལེགས་འགྲུབ་བྱུང་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི་79གནས་སྤོར་བྱས་ཤིང་། ལོ་དེའི་དམིགས་འབེན་ལས་འགན་གྱི75.2%ལེགས་འགྲུབ་བྱུང་བ་དང་། མཁར་གྲོང་གི་ལས་ཤོར་ཐོ་འགོད་ཚད2.2%ཡིན་ཞིང་། ལོ་དེའི་དམིགས་འབེན་གྱི3.5%ནང་ཚོད་འཛིན་བྱས་ཡོད།  

ལས་ཞུགས་གཏན་འཇགས་ཀྱིས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་ལག་བསྟར་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་ལས་ཐོན་སླར་གསོ་ལ་འགན་སྲུང་བྱས། ཞིང་ཆེན་ཡོངས་ཀྱི་འགན་སྲུང་ཁྲོད་ཞུགས་པའི་ཁེ་ལས་5561ལ་ལས་གནས་གཏན་འཇགས་ཀྱི་མ་དངུལ་སྒོར་དུང་ཕྱུར་2.32ཕྱིར་སྤྲད་པ་དང་། ལས་བཟོ་བ་ཁྲི་27.8ལ་ཁེ་ཕན་ཐོབ། ཁྱོན་ཡོངས་ནས་སྤྱི་ཚོགས་ཉེན་སྲུང་སྲིད་ཇུས་དོན་འཁྱོལ་བྱས་པ་དང་། ཟླ6པའི་་ཟླ་མཇུག་བར་ཏུ། རྒན་གསོ་དང་ལས་ཤོར་ཉེན་སྲུང་སོགས་ཀྱི་འགྲོ་གྲོན་སྒོར་དུང་ཕྱུར་14.68ཉུང་དུ་བཏང་བ་དང་། ཁེ་ལས་བ་ཁྲི་2ལྷག་ལ་ཁེ་ཕན་ཐོབ་ཅིང་། ཁེ་ལས་བའི་ཐོབ་ཚོར་ཇེ་དྲག་ཏུ་བཏང་། 

ཚོགས་པའི་ལས་ཞུགས་འབུར་ཐོན་དུ་བཟུང་ནས། 2020ལོའི་ལས་ཞུགས་རོགས་སྐྱོར་ཟླ་བ་དང་ཉིན་བརྒྱའི་དྲ་རྒྱའི་གདན་ཞུ་བྱ་འགུལ་སྤེལ་བ་དང་། རིགས་སོ་སོའི་དྲ་རྒྱའི་སྟེང་ནས་ཞིང་ཆེན་ཕྱི་ནང་གི་ཁེ་ལས3903གྱིས་ཁྱོན་བསྡོམས་ལས་རྐང་གདན་ཞུ་བྱེད་ཐེངས་ཁྲི10.4ཡི་ཆ་འཕྲིན་ཁྱབ་བསྒྲགས་བྱས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་གནས་འཚོལ་བའི་མཐོ་རླབས་དང་གདོང་གཏད་ནས། རིགས་སོ་སོའི་ཁེ་ལས་ཀྱིས་མཐོ་རིམ་མཐར་ཕྱིན་སློབ་མ་བསྡུ་བའི་གཞི་ཁྱོན་རྒྱ་བསྐྱེད་པ་དང་། མཐར་ཕྱིན་སློབ་མའི་ལས་དོན་བྱ་གཞག་ལས་ཁུངས་ཀྱི་སྤྱི་བསྒྲགས་བསྡུ་ལེན་རྩ་འཛུགས་བྱས་ཏེ། གཞི་རིམ་ཞབས་ཞུའི་ལས་གཞི་གཅིག་གྱུར་ངང་ལག་བསྟར་བྱས་པ་དང་། དེ་མིན་བསྡུ་ལེན་གཞི་ཁྱོན་རྒྱ་བསྐྱེད་དང་། ལོ་གསུམ་གྱི་ན་གཞོན་གསོ་སྦྱོང་འཆར་གཞི་ལག་བསྟར་བྱས་ནས། ཐབས་བརྒྱ་ཇུས་སྟོང་གིས་མཐོ་རིམ་མཐར་ཕྱིན་སློབ་མར་ལས་གནས་མཁོ་འདོན་བྱས། 

དུས་མཚུངས་སུ། གཞི་ཁྱོན་ཅན་གྱི་ལས་ཤོར་ཉེན་ཁར་ཚོད་འཛིན་དང་། ལས་ཤོར་གྱི་ཚོགས་པ་དང་འཚོ་བར་དཀའ་ཁག་ཡོད་པའི་མི་སྣར་དོ་ཁུར་བྱེད་པ། དུས་ཐོག་ཏུ་ཆ་རྐྱེན་དང་མཐུན་པའི་ལས་ཤོར་མི་སྣའི་ལས་ཤོར་ཉེན་སྲུང་དང་རིན་གོང་གི་གནས་སྐབས་ཁ་གསབ་བྱིན། ད་ལོའི་ཟླ6པའི་ཟླ་མཇུག་བར་དུ། ལས་ཤོར་མི་སྣ4263ལ་ལས་ཤོར་ཉེན་སྲུང་མ་དངུལ་སྒོར་ཁྲི2583.46བྱིན་པ་དང་། རིན་གོང་གི་གནས་སྐབས་ཁ་གསབ་སྒོར་ཁྲི་423.1བྱིན་ལ། མི་ཁྲི1.69ལ་ཁེ་ཕན་ཐོབ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།