མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དབུལ་ཐར་འགག་སྒྲོལ་ཡོངས་བཤེར་དང་འབྲུབ་འགོག་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཁོངས་མིའམ་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲང་ཧོང་ཡོན་གྱིས་ཞིང་ཆེན་ཆུ་བེད་ཐིན་དང་། ཞིང་ཆེན་དབུལ་སྐྱོར་ཅུའུ། རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་དང་། མིན་ཧོ་ཧེ་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་དབུལ་ཐར་འགག་སྒྲོལ་ཡོངས་བཤེར་དང་འབྲུབ་འགོག་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་བསྐྱོད། 

དབུལ་ཐར་འགག་སྒྲོལ་གྱི་ཡོངས་བཤེར་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ནན་གྱིས་བསྟན་དོན། ད་ལོ་ནི་དབུལ་ཐར་འགག་སྒྲོལ་གྱི་མཇུག་བསྡུའི་ལོ་ཡིན་པས་ཐེངས་འདིའི་ཡོངས་བཤེར་ནི་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་ཀྱི་ཆེས་མཇུག་མཐའི་ཡིག་རྒྱུགས་ཆེན་མོ་དེ་ཡིན་ལ། འདི་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་གཉིས་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་འབྲེལ་ཡོད། དབུལ་ཐར་འགག་སྒྲོལ་ཡོངས་བཤེར་ལས་དོན་གྱི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ཏེ། བསམ་བློའི་ཐོག་ཚད་མཐོའི་མཐོང་ཆེན་དང“ཁ་གསབ་མཐོར་འདེགས”དང་ཟུང་འབྲེལ་བྱས་ནས་དོན་དངོས་དང་ཁྱོན་ཡོངས་ནས་གྲུབ་འབྲས་མཚོན་དགོས་ལ་དོན་དངོས་དང་མཐུན་པའི་སྒོ་ནས་མི་འདང་ས་འཚོལ་ཞིབ་བྱས་ཏེ་དུས་ཐོག་ཏུ་སྤུས་ཚད་མཐོན་པོས་ལས་འགན་ལེགས་སྒྲུབ་བྱས་ནས་ལོ་རྒྱུས་དང་ལག་ལེན་གྱི་ཞིབ་བཤེར་ཐེག་ཐུབ་དགོས། 

འབྲུབ་འགོག་ལས་དོན་ལ་ལྟ་སྐུལ་ཁྲིད་སྟོན་དང་ཞིབ་བཤེར་བྱེད་སྐབས་བསྟན་དོན། འབྲུབ་འགོག་ལས་དོན་དེ་ཁྱོན་ཡོངས་དང་འབྲེལ་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུབ་འགོག་གནོད་སེལ་ལས་དོན་ལ་ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་མཛུབ་སྟོན་གལ་ཆེན་གནང་ཞིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་ལ། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་འབྲུབ་འགོག་བདེ་འཇགས་ཀྱི་བརྟན་སྲུང་བྱས་ནས་མི་དམངས་བླ་ན་མེད་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།