རྒྱལ་ཁབ་དབུལ་ཐར་འགག་སྒྲོལ་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་མཚོ་སྔོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་པའི་གནས་ཚུལ་བསྡུ་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཁབ་དབུལ་ཐར་འགག་སྒྲོལ་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་གུང་ཧོ་རྫོང་དང་རྩེ་ཁོག་རྫོང་གི་དབུལ་ཐར་འགག་སྒྲོལ་བྱ་བར་ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་སྤེལ་བ་རེད། ཟླ7པའི་ཚེས28ཉིན་གྱི་ཕྱི་དྲོར་ཟི་ལིང་དུ་ལྟ་ཞིབ་བསམ་འཆར་བསྡུ་ལེན་གྱི་ཚོགས་འདུ་འཚོགས་ཤིང་། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གི་ཚན་གཙོའམ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་ཁྲུན་ལེའང་གིས་ལྟ་སྐུལ་ཞིབ་བཤེར་གནས་ཚུལ་བསྡུ་ལེན་བྱས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གཏམ་བཤད་གནང་བ་རེད།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་སྙན་སེང་ཞུས། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་གཞོན་པ་ཡན་ཞའོ་ཧོས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ཐིན་ཅ་ཚའེ་དང་ཝང་ཡུས་ཡན། ཡུས་ཚུང་ལི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ལིས་ཁྲུན་ལེའང་གིས་ད་ལོ་ནི་དབུལ་ཐར་འགག་སྒྲོལ་མཇུག་བསྡུ་བའི་ལོ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་འགག་སྒྲོལ་ལས་དོན་ཐད་ད་དུང་མི་འདང་བའི་གནད་དོན་འགའ་ཞིག་ཡོད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སྔར་བས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པས། “འདུ་ཤེས་བཞི་”ཇེ་བརྟན་དུ་གཏོང་བ་དང་། “གདེང་ཚོད་བཞི་”བརྟན་འཇགས་གཏོང་བ། “སྲུང་སྐྱོང་གཉིས་”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཀྲུང་དབྱང་གི་དབུལ་ཐར་འགག་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་ནུས་ཤུགས་གང་ཡོད་བཏོན་ནས་འཐབ་རྩོད་ལ་ཞུགས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་དཔའ་ཉམས་ཆེ་བའི་བློ་སྤོབས་དང་། འགྱུར་བ་མེད་པའི་ཆོད་སེམས་བརྟན་པོས་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས་ཞེས་ནན་གྱིས་བསྟན།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་གཏིང་ཟབ་ཅིང་ཞིབ་ཚགས་ལྡན་པའི་བསམ་འཆར་ཁྱོན་ཡོངས་དང་དོན་དངོས་དང་མཐུན་པས། མཚོ་སྔོན་གྱི་དབུལ་ཐར་འགག་སྒྲོལ་བྱ་བར་མཛུབ་སྟོན་གལ་ཆེན་དང་སྐུལ་འདེད་ཀྱི་ནུས་པ་ལྡན་པ་ཞིག་རེད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དམིགས་ཚད་ཀྱི་ཕྱོགས་སྟོན་དང་། གནད་དོན་གྱི་ཁྲིད་སྟོན། གྲུབ་འབྲས་ཀྱི་ཕྱོགས་སྟོན་བཅས་མཐའ་འཁྱོངས་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས་དབུལ་ཐར་འགག་སྒྲོལ་གྱི་བཀའ་ཡིག་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས། གྲུབ་འབྲས་ལ་ཕྱི་རོལ་ཡུལ་དང་མཐུན་པའི་ལྟ་སྟངས་འཛིན་དགོས་པ་དང་། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་འདི་ལ་མཐའ་གཅིག་ཏུ་སྐུལ་འདེད་གཏོང་དགོས་ལ། གྲུབ་འབྲས་ཀྱང་མངོན་གསལ་བླངས་ཡོད་པ་དང་། གྲུབ་འབྲས་ཇི་ལྟར་བཟང་ན་དེ་ལྟར་འབད་འབུངས་ཡར་བརྩོན་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་མཇུག་བསྡུ་བའི་རྩིས་སྤྲོད་ཀྱི་བྲེལ་འཚབ་ཆེ་བའི་འདུ་ཤེས་དང་འགན་འཁྲིའི་འཁུར་སེམས་ཆེ་རུ་གཏོང་དགོས། རྩོད་སྒྲུབ་ཀྱི་སྒོ་ནས་གནད་དོན་ལ་ལྟ་སྟངས་འཛིན་པ་དང་། འཕེལ་རྒྱས་ནི་རྒྱུན་ཆད་མེད་པར་གནད་དོན་ལ་འཕྲད་པ་དང་། གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཞིག་ཀྱང་ཡིན་པས། དུས་ཚོད་དམ་འཛིན་དང་། ཕུགས་ལ་དམིགས་པ། “གནད་འགག་”དམ་འཛིན་བཅས་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་གཙོ་གནད་ལས་འགན་དང་། མི་འདང་བའི་ཞན་ཆ། མངོན་གསལ་དོད་པའི་གནད་དོན་བཅས་ལ་དམིགས་ནས་མུ་མཐུད་དུ་ཤུགས་བརྒྱབ་ནས། འགན་འཁྲི་དང་། ཞིབ་ཕྲའི་བྱ་བ། ཕན་འབྲས་བཅས་དོན་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།